གནམ་མཚོ་ཕྱུག་མོས་ཁྱེད་ལ་དགའ་བསུ་ཞུ།
སྤེལ་དུས 2024-05-15
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ5པའི་ཚེས18ཉིན་ནས་ཚེས26ཉིན་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་དང་། གནམ་མཚོ་སྒོ་དབྱེའི་བྱེད་སྒོ་སྐར་ཚོགས་ཀྱི་གསང་བ་བརྟོལ་བའི་བྱེད་སྒོ་ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་བའི་འོས་སྦྱོར་ཚོགས་འདུ་སོགས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།
གནམ་མཚོའི་མཛེས་ལྗོངས་ཁུལ་དུ་གཞི་བདག་་གཉན་ཆེན་ཐང་ལྷ་དང་ཁོང་གི་ཟླ་བོ་གནམ་མཚོ་གཉིས་ཀྱི་མི་ལོ་སྟོང་ཕྲག་རིང་གི་མི་སེམས་འགུག་པའི་བརྩེ་དུང་གི་གཏམ་བརྒྱུད་རིང་མོ་ད་ལྟའི་བར་དུ་ཡོད་ཅིང་། འདི་ལྟ་བུའི་ངོ་མཚར་འབུམ་གྱིས་ཕྱུག་པའི་བརྩེ་དུང་གི་གཏམ་རྒྱུད་མཉམ་དུ་གསན་ཕྱིར། ད་ལོའི་བྱེད་སྒོ་སྤེལ་བའི་རིང་ལ(ཟླ5པའི་ཚེས17ཉིན་ནས་ཚེས26ཉིན་བར)དགའ་རོགས་དང་མཉམ་དུ་གནམ་མཚོའི་བཀྲ་ཤིས་གླིང་ཕྲན་གྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་ཚེ་སྤ་སེ་ཚང་མ་རིན་མེད་ཡིན་ལ། 2024ལོར་གཉེན་སྒྲིག་ཐོ་འགོད་བྱས་པའི་བཟའ་ཚོ་གསར་པ་ད་ལོ་གནམ་མཚོ་བཀྲ་ཤིས་གླིང་ཕྲན་གྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་པར་བསྐྱོད་ཚེ་སྤ་སེ་ཚང་མར་རིན་པ་སྤྲོད་དགོས་མེད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་རིང་ལ། གནམ་མཚོའི་མཛེས་ལྗོངས་ཁུལ་གྱིས་ཀྱང་ཞག་སྡོད་སྣེ་ལེན་དང་། བཟའ་ཚོ་གསར་པའི་ཡུལ་སྐོར་པར་ལེན། རྟ་བཞོན་ནས་རི་སྐོར་བྱེད་པ། མེ་ཕུང་གི་མཚན་ཚོགས་དང་སྐར་མར་ལྟ་བ་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱ་རྒྱུ་རེད། མིག་སྔར་གཙོ་གཉེར་དང་སྒྲུབ་འགན་འཁུར་མཁན་སྡེ་ཁག་གིས་སྒྲིག་འཛུགས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱར་ནན་པོར་གཞིགས་ནས། གྲ་སྒྲིག་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
2023ལོར་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི3760.07ལ་སྣེ་ལེན་ཞུས་པ་དེ2019ལོ་ལས60.87%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར464.19ཟིན་པ་དེ2019ལོ་ལས33.12%འཕར་ཡོད། ད་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི350.59ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས87.61%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར35.92ཟིན་པ་དེ་དུས་མཚུངས་ལས132.64%འཕར་ནས་འགོ་ལེགས་པར་ཚུགས་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།