ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ལྷུན་གྲུབ་རྫོང་དུ་ན་གཞོན་གཞས་པའི་འགྲན་བསྡུར་གཉེར་བ།

སྤེལ་དུས 2024-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་སྐབས་དང་པོའི་ན་གཞོན་གཞས་པའི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ལྷུན་གྲུབ་རྫོང་གི་ངོ་མཚར་གླིང་ཁར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།

འགྲན་བསྡུར་ཡུལ་དངོས།
              ལྷུན་གྲུབ་རྫོང་སྐབས་དང་པོའི་ན་གཞོན་གཞས་པའི་འགྲན་བསྡུར་ཆེན་པོ་ནི་ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་གུང་གཞོན་སྡེ་ཚོགས་ལྷུན་གྲུབ་རྫོང་ཨུ་ཡོན་ལྷན་ཁང་དང་ལྷུན་གྲུབ་རྫོང་རིག་གནས་དང་ཡུལ་སྐོར(རིག་དངོས)ཅུས་ཀྱིས་སྒྲུབ་འགན་འཁུར་བ་རེད། བྱེད་སྒོ་སྤེལ་དོན་ནི“རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག”བཅས་ལྔ་བཞིའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ན་གཞོན་ཁྲོད་གུང་ཚོགས་རྩ་འཛུགས་ཀྱི་ཡིད་དབང་འགུག་ནུས་དང་འབོད་སྐུལ་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་ན་གཞོན་ཚོ་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། མི་རིགས་ཁག་གི་ན་གཞོན་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལྷུན་གྲུབ་རྫོང་གི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།
              དུས་འགོར་རིམ་པ་བཞིན་འགྲན་བསྡུར་བྱས་པ་བརྒྱུད། འགྲན་ཞུགས་པ15ལྷུན་གྲུབ་རྫོང་གི་ན་གཞོན་གཞས་པའི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ནང་ལེགས་གྲུབ་ལྡན་པའི་ངང་ཚུད་པ་རེད། མཐའ་བསྡུར་བྱ་ཡུལ་དུ་འགྲན་ཞུགས་པ་ཚོས་གླུ་གཞས《འབྱུང་འགྱུར》དང་། 《འོད་སྟོང་འཕྲོ་བའི་ལོ་ཟླ》《བདེ་སྐྱིད་ཀྱི་ལྷུན་གྲུབ》《ཕ་ཡུལ་ལྷ་ས》སོགས་བཏང་བ་དང་། མཐའ་བསྡུར་གྱི་གར་སྟེགས་ཐོག་འགྲན་ཞུགས་པ་ཚོས་སྤྲོ་སེམས་ཀྱིས་ཕྱུག་པ་དང་ལང་ཚོའི་གླུ་སྒྲའི་ཐོག་ནས་བརྩེ་སེམས་མཚོན་ཏེ་དུས་རབས་གསར་པའི་བོད་ལྗོངས་ན་གཞོན་གྱི་སྐྱེ་སྟོབས་དང་ལང་ཚོའི་གསོན་ཤུགས་གང་ལེགས་མངོན་པར་བྱས།

འགྲན་བསྡུར་ཡལ་དངོས།

འགྲན་བསྡུར་ཡལ་དངོས།
              ལྷུན་གྲུབ་སློབ་འབྲིང་གི་རོལ་དབྱངས་དགེ་རྒན་ཕུར་སྒྲོན་གྱིས་མཐའ་བསྡུར་གྱི་གར་སྟེགས་ཐོག་གླུ་གཞས《བྱུ་རུའི་བསྟོད་པ》ལས་ལྟད་མོ་བ་རྣམས་ཧང་སངས་དགོས་བཟོས་པ་མ་ཟད། བྱ་དགའ་ཨང་དང་པོའང་ཐོབ་པ་རེད། ཁོང་གིས་ལྷུན་གྲུབ་རྫོང་གི་ན་གཞོན་གཞས་པའི་འགྲན་བསྡུར་སྐབས་དང་པོར་ཞུགས་པའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་བ་དང་། ད་ཐེངས་གླུ་གཞས《བྱུ་རུའི་བསྟོད་པ》ནི་བསྐྱར་དུ་བཟོ་སྒྲིག་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་དང་དར་ཁྱབ་ཆེ་བའི་གཞས་གཏོང་སྟངས་མཉམ་དུ་བསྲེས་ཡོད། རང་ཉིད་ཀྱི་གླུ་གཞས་ལ་འགྲན་བསྡུར་གྱི་དཔྱད་འདེམས་པ་དང་ལྟད་མོ་བའི་ཁས་ལེན་ཐོབ་པས་རང་གི་ངོས་ནས་བརྗོད་ན་འཚར་ལོངས་དང་སློབ་སྦྱོང་ཞིག་ཡིན་ཞེས་བཤད།

བྱ་དགའ་སྤྲོད་པའི་ཡུལ་དངོས།
              ངོ་སྤྲོད་བྱས་པར་གཞིགས་ན། ལྷུན་གྲུབ་རྫོང་གི་སྐབས་དང་པོའི་ན་གཞོན་གཞས་པའི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་གཉེར་ཡུལ་གྱི་ནགས་ཚལ་དེ་ནི་ལོ50ལྷག་ཙམ་གོང་གཞོན་ནུ་ཁག་གཅིག་གིས་བཏབ་པ་ཞིག་ཡིན་པ་དང་། ད་ཆ་ལྷུན་གྲུབ་རྫོང་གི་རིག་གནས་དང་ཡུལ་སྐོར་སྤྲོ་གསེང་གི་མིང་བྱང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད། མཐའ་བསྡུར་བྱ་ཡུལ་དུ་ལྷུན་གྲུབ་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། དུས་རབས་གསར་པའི་ལྷུན་གྲུབ་ཀྱི་གཞོན་ནུ་ཚོས་ལྔ་བཞིའི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་བརྩོན་ལེན་བྱས་ཏེ་ལྷུན་གྲུབ་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལང་ཚོའི་བྱས་རྗེས་མངོན་པ་དང་། ལང་ཚོའི་ཉམས་འགྱུར་མངོན་པ། ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ཏེ་ལྷུན་གྲུབ་ལ་དུས་རབས་གསར་པའི་གཞོན་ནུའི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་རྩོམ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཞབས་བྲོ་འཁྲབ་བཞིན་པ།

ལྟད་མོ་བ་ཚོ།

རྩོམ་སྒྲིག་པ། དཔལ་གཡང་།