ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར26.03བཏང་འདུག

སྤེལ་དུས 2024-05-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཟླ5པའི་ཚེས13ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་གི་མཆན་བཀོད་བཀའ་ལན་དང་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གདེང་འཇོག་གི་མཆན་བཀོད་བཀའ་ལན་ཐོབ་ནས་ལས་འགོ་མ་བཙུགས་གོང་གི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད། 

              ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་ནི་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་དང་། གློག་ཤུགས་མཁོ་སྤྲོད་འགན་ལེན་ལ་འདེགས་སྐྱོར། ནུས་རྒྱུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར26.03བཏང་བའི་ནང་། ཀྲུང་དབྱང་སྔོན་རྩིས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར13.01བཏང་བ་དེས་ལས་གྲྭའི་མ་འཇོག་བསྡོམས་འབོར་གྱི50%བཟུང་བ་དང་སྔོན་དཔག་བྱས་ན2025ལོར་ལེགས་གྲུབ་ཟིན་ཏེ་སྤྱོད་འགོ་ཚུགས་རྒྱུ་རེད། སྤྱོད་འགོ་ཚུགས་རྗེས་སུ་མཚོ་བོད་ཐད་རྒྱུག་གི་གློག་གཏོང་ནུས་པ་སྟོང་ཝ་ཁྲི60ནས་སྟོང་ཝ་ཁྲི120བར་ཆེ་རུ་འགྲོ་རྒྱུ་རེད། 
              ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་འཛུགས་སྐྲུན་ནང་། མཚོ་སྔོན་ན་གོར་མོའི་གློག་རྐ་བསྒྱུར་ཚིགས་དང་བོད་ལྗོངས་ལྷ་སའི་གློག་རྐ་བསྒྱུར་ཚིགས་རྒྱས་སྐྲུན་དང་། བོད་དབུས་གློག་དྲའི་ཀྲའོ200ཡི་གློག་ཚན་སྒྱུར་ཆས་བསྐྲུན་རྒྱུའི་ལས་གྲྭ སྟོང་ཝ220ཡི་ཕྱིར་གཏོང་སྐུད་ལམ་གསར་སྐྲུན་གྱི་ལྷན་སྦྱར་ལས་གྲྭ་བཅས་ཚུད་ཡོད། ལས་གྲྭ་བསྐྲུན་རྗེས་བོད་ལྗོངས་གློག་དྲའི་ཐེག་ཚད་འཕར་བའི་དགོས་མཁོ་དེ་བས་ལེགས་པའི་ངང་བསྐངས་ནས། བོད་དབུས་གློག་དྲའི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ཞི་ལྷོད་དུ་ནུས་ལྡན་བཏང་སྟེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་བོད་ལྗོངས་གློག་སྤྱོད་མང་བའི་དུས་སྐབས་ཀྱི་གློག་ཤུགས་ལྷག་མ་ཕྱིར་གཏོང་རྒྱུར་བསམ་བློ་བཏང་ནས། ལས་གྲྭ་དེ་འཛུགས་སྐྲུན་བྱས་པ་བརྒྱུད་བོད་ལྗོངས་ཀྱི་གློག་སྤྱོད་མང་བའི་དུས་སྐབས་ཀྱི་གློག་ཤུགས་ལྷག་མ་གཞི་ཁྱོན་ཆེན་པོའི་ངང་ཕྱིར་གཏོང་རྒྱུར་ཆ་རྐྱེན་བསྐྲུན་ནས། བོད་ལྗོངས་ཀྱི་གློག་སྤྱོད་མང་བའི་དུས་སྐབས་ཀྱི་གློག་ཤུགས་ལྷག་མ་སྤྱོད་ཚད་མང་དུ་འགྲོ་རྒྱུ་རེད། གཞན་ཡང་བོད་དབུས་གློག་དྲའི་གློག་ཚན་སྒྱུར་ཆས་སྒྲིག་སྦྱོར་བྱེད་པའི་ལས་གྲྭ་བརྒྱུད། བོད་དབུས་གློག་དྲར་དུས་བསྟུན་གྱི་འགྱུར་མེད་འདེགས་སྐྱོར་མཁོ་འདོན་ཐུབ་ནས། བོད་དབུས་གློག་དྲའི་བདེ་འཇགས་བརྟན་ལྷིང་གི་ཆུ་ཚད་མཐོ་རུ་འགྲོ་ཐུབ་ལ། ལྷ་ས་དང་། གཞིས་རྩེ། ནག་ཆུ། མངའ་རིས་བཅས་གློག་དྲའི་གློག་གཏོང་ནུས་པ་སྔར་ལས་ཆེ་རུ་འགྲོ་ཐུབ་པ་དང་ཆབས་ཅིག བོད་དབུས་ས་ཁུལ་གྱི་ནུས་རྒྱུ་གསར་པའི་ས་ཚིགས་མང་པོའི་གློག་རྒྱུན་ཐད་ཐུག་ཐེག་ཚད་མཐོ་རུ་གཏོང་རྒྱུ་དང་ནུས་རྒྱུ་གསར་པའི་བསྡུ་ལེན་ནུས་པ་ཆེ་རུ་གཏོང་རྒྱུར་བསམ་བློ་བཏང་ཡོད། 

              བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལས་གྲྭ་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གློག་ཤུགས་འཆར་འགོད་དང་། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཕྱོགས་བསྡུས་ནུས་རྒྱུའི་འཆར་འགོད་དང་གློག་ཤུགས་འཕེལ་རྒྱས་འཆར་འགོད་ནང་བཅུག་ཡོད་ཅིང་། དེ་ནི་བོད་དབུས་ས་ཁོངས་ཀྱི་གློག་དྲ་གཙོ་བོའི་དྲ་སྒྲོམ་འཐུས་སྒོ་ཚང་དུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་སྙན་ཞུའི་སྐོར་གྱི་མཆན་བཀོད་བཀའ་ལན》བཀྲམ་ནས་མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་བསྐྲུན་རྒྱུར་མོས་མཐུན་བྱས་པ་རེད། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱིས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སི་སྒྲིག་འཛུགས་བྱས་ནས། དུས་འགོའི་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ལས་གྲྭ་དུས་བཀག་ལྟར་འཛུགས་སྐྲུན་བྱེད་འགོ་ཚུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ2025ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཐུབ་པའི་འགན་ལེན་བྱ་རྒྱུ་རེད་ཅེས་བཤད།

རྩོམ་སྒྲིག་པ། དཔལ་གཡང་།