ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བརྩོན་འགྲུས་ཅན་གྱིས་ནོར་བུ་ལེན། བྱམས་པ་ཆོས་གྲཊ་ལ་རྟེན་འབྲེལ་ཞུ།

སྤེལ་དུས 2024-05-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

              ལོ་13ཡི་གོང་། བྱམས་པ་ཆོས་གྲགས་ནི་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་པའི་ཕྱུགས་རྫི་དཀྱུས་མ་ཞིག་རེད། 2011ལོར། ལོ་17ལ་སོན་པའི་བྱམས་པ་ཆོས་གྲགས་ཀྱིས་དམག་དཔུང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་དེ་དམག་མིའི་འཚོ་བ་སྐྱེལ་འགོ་བརྩམས། ཁོང་གིས་རྟག་ཏུ་ངལ་གསོའི་དུས་ཚོད་སྤྱད་དེ་སློབ་ཁང་དུ་སློབ་སྦྱོང་ནན་ཏན་བྱས་པས་རྒྱ་སྐད་དང་རྒྱ་ཡིག་ལ་རིམ་གྱིས་བྱང་ཆུབ་པར་གྱུར། ཐེངས་ཤིག་ལུའི་ཤོག་གིས་མང་ཚོགས་རང་བཞིན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བྱེད་སྒོ་ཞིག་སྤེལ་སྐབས། བྱམས་པ་ཆོས་གྲགས་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་མོས་པ་དང་སྤྲོ་བ་འཕེལ་ཞིང་། ཁོང་གིས་ཉིན་ལྟར་རིགས་པའི་གཞུང་ལུགས་ཀྱི་དཔེ་དེབ་ཆུ་ཚོད་ཕྱེད་ཀ་ཀློག་རྒྱུ་རྒྱུན་འཁྱོངས་བྱས།

              ལོ་འདི་དག་རིང་ཁོང་གིས་སྔ་རྗེས་སུ་སློབ་གཞི་བཅུ་ཕྲག་ཁ་ཤས་སློབ་སྦྱོང་བྱས་པ་མ་ཟད། ཡིག་འབྲུ་ཁྲི་20ལྷག་ཙམ་ཡོད་པའི་སློབ་སྦྱོང་ཟིན་ཐོ་བཀོད་པས། ཁོང་“རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དཔེ་དམག”ལ་བདམས་པ་མ་ཟད། ལུའི་ཤོག་གི་“འཆད་ཁྲིད་ཁང་ཆེན་མོའི”ནང་རང་ཉིད་ཀྱི་དམག་ཞུགས་མྱོང་ཚོར་མཉམ་སྤྱོད་ཞུ་རྒྱུར་གདན་འདྲེན་ཐེངས་མང་ཞུས་པས་དཔོན་དམག་ཚོའི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད།

              དམག་དཔུང་ནང་ཐོག་མར་ཞུགས་སྐབས་སུ་བྱམས་པ་ཆོས་གྲགས་ཀྱིས་དཀའ་སྤྱད་སྦྱོང་བརྡར་བྱས་པས། དེ་སྔ་འབར་མདེལ་འཕེན་པ་དང་སྨི་3000ཡི་རྣམ་གྲངས་རྐྱང་པ་གཉིས་ཀྱི་སྦྱངས་འབྲས་ཨང་དང་པོ་བླངས་ཤིང་། སློབ་མཇུག་འགྲིལ་དུས། “ཕུལ་བྱུང་དམག་མི་གསར་པར”བདམས་ཡོད། བྱམས་པ་ཆོས་གྲགས་ཀྱིས་ཏང་རྩ་འཛུགས་དང་ཉེ་བར་བཅར་ནས་སྔ་རྗེས་སུ་ལན་ཤོག་ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་པའི་རེ་ཞུ་ཐེངས་གསུམ་ཕུལ་བ་དང་། བྱང་ཚད་མཐོ་པོར་བརྟེན་ནས་ཁོང་ལན་ཤོག་གི“ཕུལ་བྱུང་མིང་ཐོའི”ནང་ཐེངས་མང་ཚུད་ཡོད་པ་དང་ད་དུང་ལན་ཤོག་གི“ཕུལ་བྱུང་དམག་མིར”བདམས་ཐོན་བྱུང་ཡོད། 2015ལོར་ཁོང་ཏང་ནང་ཞུགས་པ་དང་འབྲེལ“ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་བཟང་འཛིན་གྲྭའི”འཛིན་དཔོན་གྱི་འགན་ཁུར་བ་དང་འཛིན་གྲྭ་ཡོངས་སྣེ་ཁྲིད་དེ་ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་དང་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད། ལོ་དེར་གོང་རིམ་གྱིས་སྒྲིག་འཛུགས་བྱས་པའི་རྩེར་སོན་དམག་མིའི་དྲག་རྩལ་འགྲན་བསྡུར་དཔྱད་ཞིབ་ཁྲོད། བྱམས་པ་ཆོས་གྲགས་ལ་སྨི་400ཡི་མཚོ་བརྒལ་གླིང་འཛེག་དང་སྨི་1000ཡི་དམག་འཐབ་ལུས་ནུས་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་གཟེངས་བསྟོད་ཐེངས་གཅིག་ཐོབ་པ་རེད། 2018ལོར་བྱམས་པ་ཆོས་གྲགས་ལས་བྱེད་མི་སྣར་ཐད་ཀར་རིམ་སྤོར་བྱས་ཡོད། དམག་དོན་སློབ་གྲྭ་ནས་ཐོན་རྗེས། “མི་སྐྲག་པ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་དཔེ་བཟང་ལན་ཤོག”གི་ཕའེ་ཀྲང་གི་འགན་འཁུར་ཡོད།

              བྱམས་པ་ཆོས་གྲགས་ཀྱི་ཕ་ཡུལ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཡིན། དམག་ནང་མ་ཞུགས་གོང་། ཁོང་གི་ཕ་ཡུལ་ནི་རྒྱལ་ཁབ་ཀྱི་ལོ་མང་དབུལ་སྒྲོལ་ཐུབ་མེད་པའི་“དབུལ་ཕོངས་རྫོང་”ཞིག་ཡིན་པ་དང་། རང་ཉིད་དམག་མི་བྱས་ནས་འཚར་ལོངས་བྱུང་བའི་ལོ་རྒྱུས་དང་ཕ་ཡུལ་གྱི་འགྱུར་ལྡོག་ལ་ཕྱིར་དྲན་བྱེད་ཐེངས་རེར། བྱམས་པ་ཆོས་གྲགས་ཀྱིས་རྟག་ཏུ་སེམས་ནང་ཕ་ཡུལ་དང་མི་དམངས་ཀྱི་ཆེད་དུ་ལེགས་སྐྱེས་གང་ཐུབ་འབུལ་དགོས་པའི་འདུན་པ་འཆང་བཞིན་ཡོད། དེར་བརྟེན། བྱམས་པ་ཆོས་གྲགས་ཀྱིས་རང་འགུལ་ངང་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་དྲིལ་བསྒྲགས་པའི་འགན་འཁུར་ནས། གྲོང་ཚོ་དང་ཁྱིམ་ཚང་ཁག་ཏུ་བསྐྱོད་དེ་ཡུལ་མི་ཚོར་ཏང་གི་མི་རིགས་སྲིད་ཇུས་སྒྲོག་འགྲེལ་བྱས་ནས། “བྱིས་པར་གཅེས་སྐྱོང”ཞེས་པའི་གཅེས་སེམས་ཞལ་འདེབས་ཀྱི་བྱེད་སྒོ་སྤེལ་བ་རེད།
              2023ལོའི་ལོ་མཇུག་ཏུ་བྱམས་པ་ཆོས་གྲགས་ཀྱིས་“མི་སྐྲག་པ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་དཔེ་བཟང་ལན་ཤོག”གི་ལན་ཀྲང་གི་འགན་ཁུར་ནས་ལན་ཤོག་སྣེ་ཁྲིད་དེ་ཕྱི་རོལ་དུ་བཅའ་སྡོད་སྦྱོང་བརྡར་བྱས་ཏེ་ཞིབ་འཇུག་བྱ་གཞི་འགག་སྒྲོལ་དང་དངོས་མདེལ་འཕེན་པའི་ལས་འགན་བསྒྲུབས་ནས་བློ་གཅིག་སེམས་གཅིག་གིས་དམག་སྦྱོང་དང་དམག་གྲབས་ལ་གཞོལ་བ་དང་འབྲེལ་ཀུན་གྱིས་ཁས་ལེན་ཡང་ཐོབ་ཡོད། བྱས་རྗེས་མངོན་གསལ་དོད་པོ་ཡོད་པའི་རྐྱེན་གྱིས་བྱམས་པ་ཆོས་གྲགས་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་ཐོབ་ཡོད།
 
 
རྩོམ་སྒྲིག་པ། རིག་གྲོལ།