ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ངོ་མཚར་ཆེ་བའི་འབྲུག་མོ་འདམ་རའི་སྤྱི་གླིང་།

སྤེལ་དུས 2024-06-01 ཡོང་ཁུངས། རྩོམ་པ་པོ།
            ཟླ་ལྔ་པའི་ཟླ་མཇུག་ཏུ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་མ་ཎི་གད་འགོ་གྲོང་རྡལ་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། གནམ་སྔོན་ཞུན་མ་ལས་གྲུབ་པའི་མེ་ལོང་སྣོད་དུ་སྟེང་ན་སྤྲིན་དཀར་གྱི་འདབ་མ་ལང་ལོང་གཡོ་ཞིང་། ལོགས་ན་གངས་རི་དཀར་པོའི་རང་མདངས་མཚར་དུ་དངར་བ། ཤོད་ན་སྤང་ལྗོངས་གཡུ་ཡི་གཞོང་པ་མེ་ཏོག་སྨན་སྣའི་དྲི་བསུང་འཐུལ་བས་ཡིད་དུ་འོང་ཞིང་ཉམས་རེ་དགའ། འབྲུག་མོ་འདམ་རའི་སྤྱི་གླིང་དུ་མཛེས་སྡུག་ལྡན་པའི་ཁྲུང་ཁྲུང་སྐེ་ནག་གཉིས་སོས་དལ་བག་ཕེབས་ངང་དུ་འཚོ་བ་དང་ལྡིང་བ། ནེའུ་སིང་དཀྱིལ་ན་གང་དགར་རྩེན་བཞིན་གདའ།
 
            འབྲུག་མོ་འདམ་རའི་སྤྱི་གླིང་དེ་ཉིད་སི་ཁྲོན་ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་ཡིན་པའི་ངོས་ནས། སྤྱི་གླིང་དེར་སྔར་ནས་བཟུང་སྐྱེ་བོ་མང་པོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ད་ཆ་ཁྲུང་ཁྲུང་སྐེ་ནག་དེ་གར་གནས་བཅའ་བ་དེས་སྤྱི་གླིང་གི་བཀྲག་མདངས་འཚེར་ས་གཞན་ཞིག་ཏུ་གྱུར་ཡོད། མི་སེམས་དྲོས་པའི་ཞི་མཐུན་གྱི་རང་བྱུང་ཁམས་ཀྱི་སྣང་བརྙན་འདི་འདྲ་རྟག་ཏུ་མཐོང་ཐུབ་ཀྱི་ཡོད།
            2016ལོར་ཞིང་ཆེན་རིམ་པའི་འདམ་རའི་སྤྱི་གླིང་གི་ཆོག་མཆན་ཐོབ་པ་ནས་བཟུང་འབྲུག་མོ་འདམ་རའི་སྤྱི་གླིང་གིས་ཐོག་མཐའ་བར་གསུམ་དུ་འདམ་རའི་འབྱུང་ཁམས་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་གི་ལས་ལ་གཞོལ་བཞིན་ཡོད། རྒྱ་ཁྱོན་སྤྱི་ཆིང་1972.40(མུའུ་29586ཙམ)ཟིན་པ་དང་དེ་བཞིན་མཐོ་ཚད་སྨི་4100ལྷག་ལྡན་པའི་ཐུན་མིན་གྱི་ས་བབ་དེས་འདམ་རའི་སྐྱེ་དངོས་ལ་ཁྱད་དུ་འཕགས་པའི་འཚོ་གནས་ཁོར་ཡུག་ཅིག་བསྐྲུན་ཡོད། དེའི་རྐྱེན་གྱིས་གནས་འདི་འདབ་ཆགས་རྩ་ཆེན་མང་པོའི་འདུ་གནས་སུ་གྱུར་ཡོད། 

            ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་གཞན་དག་གིས་འབྲུག་མོ་འདམ་རའི་སྤྱི་གླིང་དུ་གང་དགར་རྩེན་ཞིང་བག་ཕེབས་གུ་ཡངས་ངང་འཚོ་བའི་སྒེག་ཉམས་ཀྱིས། ཡུལ་ཕྱོགས་མང་པོའི་པར་ལེན་ལ་དགའ་པོ་བྱེད་མཁན་གྱི་ཡིད་དབང་ཅིག་ཅར་དུ་བཀུག་ཡོད། དེ་བས་ཀྱང་བསྔགས་བརྗོད་བྱེད་འོས་པ་ཞིག་ནི་སྤྱི་གླིང་དེར་ཡོང་བའི་མི་རྣམས་ཀྱིས་འདབ་ཆགས་དེ་དག་དང་བར་ཐག་རིང་དུ་བཅད་དེ་རྒྱང་ནས་ལྟད་མོ་ཡིད་ངོམས་པར་བྱེད་པ་ལས། སྲོག་ཆགས་དེ་དག་ལ་བར་ཆད་དང་མི་བདེ་བ་གཏན་ནས་བཟོ་ཡི་མེད་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་ནི་འབྲུག་མོ་འདམ་རའི་སྤྱི་གླིང་སྲུང་སྐྱོང་ལས་དོན་གྱི་མཚོན་ཚུལ་རྣལ་མ་ཞིག་ཀྱང་རེད།

            འབྲུག་མོ་འདམ་རའི་སྤྱི་གླིང་བཙུགས་པ་ནས་བཟུང་། དེའི་ས་ཞིང་སྲུང་འཛིན་བྱེད་ཚད་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོད་པ་དེ་ནི་ས་གནས་དེ་གའི་སྲིད་གཞུང་དང་མང་ཚོགས་ཀྱིས་འདམ་རའི་སྲུང་སྐྱོང་ལས་དོན་ལ་དོ་ཁུར་ཟབ་མོ་བྱས་པ་དང་བྱ་སྤྱོད་དངོས་སྤེལ་བ་དང་ཁ་བྲལ་ཐབས་གཏན་ནས་མེད། འདམ་རའི་སྤྱི་གླིང་གིས་འདམ་རའི་འབྱུང་ཁམས་ལ་སྲུང་སྐྱོང་གི་སྲུང་ཡོལ་བརྟན་པོ་མཁོ་འདོན་བྱས་པ་མ་ཟད། ད་དུང་ཚན་ཞིབ་ལས་དོན་པར་ཞིབ་འཇུག་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད།
            འབྲུག་མོ་འདམ་རའི་སྤྱི་གླིང་གི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས་ང་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་སྲུང་སྐྱོང་ངོ་མ་བྱས་ཚེ་གཞི་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་ཐུབ་རྒྱུ་ཡིན་པ་ར་སྤྲོད་ཐུབ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོས་འབྲུག་མོ་འདམ་རའི་སྤྱི་གླིང་འདི་འདབ་ཆགས་རྩ་ཆེའི་གནས་མཆོག་ཅིག་ཏུ་མུ་མཐུད་འགྱུར་རྒྱུ་དང་ང་ཚོས་ཐུན་མོང་ཐོག་གཅེས་སྤྲས་བྱེད་པའི་ལྗང་མདོག་གི་ཁྱིམ་གཞིས་སུ་འགྱུར་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། རིག་གྲོལ།