ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་དང་ཀ་པོན་གྱི་བར་བརྒལ་ཙུང་ཐུང་ཨེན་ཀུའེ་མཱ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཀ་པོན་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

སྤེལ་དུས 2024-04-22 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀ་པོན་གྱི་བར་བརྒལ་ཙུང་ཐུང་ཨེན་ཀུའེ་མཱ་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། ཀྲུང་གོ་དང་ཀ་པོན་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀ་པོན་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་པ་མ་ཟད། རྒྱལ་ཁབ་གཉིས་པོའི་དབར་ཡུན་རིང་འདྲིས་པའི་མཛའ་གྲོགས་ཟབ་མོ་ཡོད། དུས་རབས་ཕྱེད་ཀའི་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་ཀ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གཅིག་མཚུངས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་བརྒྱུད། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ངས་ཀྲུང་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཨེན་ཀུའེ་མཱ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་འགོ་འཛུགས་ས་གསར་པར་བྱས་ནས། ཀྲུང་ཀའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་དང་། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ལག་གདང་སྦྲེལ་ཏེ་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད་ཅེས་བསྟན་གནང་བ་རེད།
        ཨེན་ཀུའེ་མཱ་ཡིས་ཕྱི་འབྲེལ་བཙུགས་ནས་ལོ་50ཡི་རིང་ཀ་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་དང་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་ཕྱིན་ཞིང་། དཔལ་འབྱོར་དང་། སྤྱི་ཚོགས། དམག་དོན་སོགས་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀ་པོན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།