བློ་བཟང་ཐུབ་པའི་བསྟན་ལ་དད་ཤག་ཤག །
འཆད་ཉན་བ༵ཤད་སྒྲུབ༵་སྤེལ་ལ་སྤྲོ་འཛུམ་འཛུམ། །
གདུལ་བྱ་རྒྱ༵་མཚོ༵་སྐྱོང་ལ་དགའ་ལྷང་ལྷང་། །
བཤེས་གཉེན་དམ་པ་སྙིང་ན་ལྗིད་ཏིག་ཏིག །
གྱ༷་གྱུའི་གཡོ་ཟོལ་བྲལ་ལ་འཛུམ་ཤིག་ཤིག །
སྒོ་གསུམ༷་བཤེས་དང་མི་འབྲལ་དགའ་ཀྲོག་ཀྲོག །
འཛི༷ན་མའི་ཁྱིམ་འདིའི་མཛེས་དགུའི་དཔལ་འཕྲོག་འཕྲོག །
གྲྭ༷་རྒྱས་འཛུམ་དྲུག་བྱུང་བས་དགའ་ཚོར་ཚོར། །
སློབ༷་གྲོགས་སློབ༷་ལ་དགྱེས་པའི་སྐབས་རེ་རེར། །
མི༷་རྣམས་མི༷་ཁོག་འཛོམ་རྒྱུར་སྤྲོ་ཡེར་ཡེར། །
དགའ༷་སྐྱིད་དགའ༷་སྤྲོ་འཕེལ་བས་འཛུམ་ཀྲིག་ཀྲིག །
དྲིན༷་ཆེན་དྲིན༷་གཟོ་ཞུ་མཁན་སྤྲོ་ཁོལ་ཁོལ། །
ནོར་འཛིན་གཡུ་གོས་གྱོན་པས་ལྗང་ལྟེམ་ལྟེམ། །
ཁྲི་ཀའི་རྨ་ཀླུང་གཡུ་འབྲུག་སྔོ་དྭངས་དྭངས། །
སིལ་སྡོང་མེ་ཏོག་བཞད་པས་ཁྲ་ལམ་ལམ། །
རྩི་ལྡན་བུང་བ་གཞོན་ནུ་འཁོར་ལིང་ལིང་། །
སྣོད་བཅུད་སྣུམ་གྱིས་ཕྱུག་པས་དགའ་ཅོར་ཅོར། །
ཅོ་ཀའི་མགྲིན་གླུ་སྙན་མོའི་གདངས་སྙན་སྙན། །
རིགས་བརྒྱའི་མགྲོན་པོའི་འགྲོ་འོང་ལྡེམ་མྱུར་མྱུར། །
བག་ཕེབས་དགྱེས་འཛོམ་བྱུང་བས་དགའ་ལྷང་ལྷང་། །
རྐང་གྲུག་ཁུག་རྟའི་འགྲོས་མྱུར་འོད་འཁྱུག་འཁྱུག །
ལྔ་ཟུང་ལྒང་ལིའི་འགྲན་རྒྱུག་འུར་ཐག་ཐག །
སྐྱེན་པོ་མདའ་བསུའི་བཞད་སྒྲ་ཀི་བསྭོ་བསྭོ། །
ཨ་རྩེད་ཨ་ལུང་དགུ་སྐོར་འཇའ་ཤར་ཤར། །
གླུ་ཤགས་གཙང་ཆུའི་བཞུར་རྒྱུན་དལ་རིང་རིང་། །
དེང་རབས་གར་གྱི་སྟངས་སྟབས་འོད་ཆེམ་ཆེམ། །
རི་མོའི་མིག་བཞིན་སྤྱན་ཟུང་ཅེར་རིག་རིག །
རྟིང་རྩོད་རྒྱལ་ཕམ་ངང་སྒུག་བྲེལ་འཚུབ་འཚུབ། །
རོ་བརྒྱའི་ཟས་བཅུད་མངར་མོའི་དྲི་ཞིམ་ཞིམ། །
འཛུམ་གེར་རྒོད་སྒྲའི་བཞད་སྒྲ་འུར་སེང་སེང་། །
གླུ་གར་རྩེད་འཇོའི་བཞས་ངག་ཨ་ལ་ལ། །
དིང་རུའི་སྒྲ་གདངས་རྣ་བར་སྙན་ལྷང་ལྷང་། །
གཏམ་དང་ཀུ་རེའི་བཞུར་རྒྱུན་དྭངས་ཤག་ཤག །
དྲུག་ཅུ་རྒད་པོའི་སྤྲོ་ཚོགས་འཇམ་སིལ་སིལ། །
བསྔགས་བརྗོད་ཅོ་ཀའི་དྲུག་འགྱུར་སྐད་སྙན་སྙན། །
དཔྱིད་ཀྱི་དཔལ་བཟང་མཐོང་བས་སྤྲོ་ཤག་ཤག །
ཀུན་རྟོག་སོར་རྩེའི་སྟངས་སྟབས་འོད་ལྡེམ་ལྡེམ། །
གནམ༷་ས་ལྷ༷་ཀླུ་དགྱེས་འཛོམ་འཛུམ་རིག་རིག །
ཁ་བཏགས་བ༷ཀྲ་ཤིས༷་གཙང་མས་བསྟོད་ཆོག་ཆོག །
རྒྱལ་སའི་ཡུལ་ནས་སྤྲིངས་འདི་ཨ་མཚར་མཚར། །
ཞེས་ཕ་ཡུལ་ཁྲི་ཀའི་སིལ་སྡོང་ལ་མེ་ཏོག་བཞད་པའི་སྐབས་དང་བསྟུན། མི་ལོ་ཞེ་གཅིག་འགོར་བའི་སློབ་གྲོགས་ལྷན་འཛོམ་ལ་བསྔགས་པ་ཅོ་ཀའི་དྲུག་འགྱུར་ཞེས་པ་འདི་ཡང་། རྨོངས་རྒན་གནམ་ལྷ་བཀྲ་ཤིས་ཀྱིས་སྤྱི་ལོ་༢༠༢༤ལོའི་ཟླ༤ཚེས་༢༠་ཉིན་པེ་ཅིན་གྱི་རང་སྤྱིལ་ཉི་འོད་འཁྱིལ་བའི་གུར་ཁང་དུ་བྲིས་པའོ། །
རྩོམ་སྒྲིག་པ། རིག་གྲོལ།