ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ཨའི་གཙོ་བདག་དབར་ཞལ་པར་ནས་བཀའ་མོལ་གནང་བའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།

སྤེལ་དུས 2024-04-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཀྲུང་ཨའི་གཙོ་བདག་དབར་ཞལ་པར་ནས་བཀའ་མོལ་གནང་བའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
  ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཨ་རི་ཕྱོགས་ཀྱིས་བཤད་པར་གཞིགས་ན། ཁ་ས་ཀྲུང་ཨའི་གཙོ་བདག་དབར་ཞལ་པར་ནས་བཀའ་མོལ་གནང་རིང་ཙུང་ཐུང་པའེ་ཀྲེན་གྱིས་རེན་ཨའེ་མཚོ་གླེ་དང་། ཤང་ཀང་། ཤིན་ཅང་། བོད་བཅས་ཀྱི་གནད་དོན་སྐོར་གླེང་བ་མ་ཟད། ཨ་རི་ཕྱོགས་ཀྱིས་ད་དུང་ཀྲུང་གོ་ཕྱོགས་ལ་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མཚམས་འཇོག་པ་དང་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་སྐུལ་འདེབས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་རྒྱག་རྩིས་ཡོད་དམ་ཞེས་དྲིས་པར།
  དབང་ཝུན་པིན་གྱིས་བརྗོད་དོན། ཁྱེད་ཀྱིས་དྲིས་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ། ངས་སླར་ཡང་ཚང་མར་ཀྲུང་ཨའི་གཙོ་བདག་དབར་ཞལ་པར་ནས་བཀའ་མོལ་གནང་བའི་ཞིབ་ཕྲའི་གནས་ཚུལ་ཁག་གཅིག་ངོ་སྤྲོད་བྱེད་འདོད་ཡོད།
  ད་རེས་ཞལ་པར་ནས་བཀའ་མོལ་གནང་རིང་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནན་བཤད་བྱས་པར། ཀྲུང་གོར་ནན་ཧྲ་གླིང་ཚོམ་དང་དེའི་ཉེ་འགྲམ་མཚོ་ཁོངས་ལ་རྩོད་ཐབས་བྲལ་བའི་བདག་དབང་ཡོད། བདག་དབང་དེའི་ཁོངས་སུ་གླིང་ཚོམ་ནང་ཁུལ་གྱི་གླིང་ཕྲན་དང་། མཚོ་གླེ། གྲམ་ཐང་། བྱེ་ཐང་བཅས་གཏོགས་པའི་ནང་རེན་ཨའེ་མཚོ་གླེའང་ཚུད་པ་ནི་སྨོས་ཅི་དགོས། རེན་ཨའེ་མཚོ་གླེའི་གནད་དོན་གྱི་འབྱུང་རྩ་ནི་ཧྥི་ལི་ཕིན་ཕྱོགས་ཀྱིས་སྔ་ཚིག་ཕྱི་འགལ་ཐེངས་མང་བྱས་ཤིང་། ཀྲུང་གོའི་མི་མེད་མཚོ་གླེའི་ཐོག་གཏན་འཇགས་ཀྱི་སོ་ལྟ་ཁང་བསྐྲུན་ཏེ། རེན་ཨའེ་མཚོ་གླེ་དེ་ཉིད་ཁྲིམས་འགལ་ངང་ནམ་ཡང་ཧམ་བཟུང་བྱ་རྩིས་བྱས་པ་དེ་རེད། ཨ་རི་ནི་ལྷོ་རྒྱ་མཚོའི་གནད་དོན་གྱི་དོ་བདག་མིན་པས་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་དབར་གྱི་གནད་དོན་ལ་ཐེ་ཇུས་བྱེད་དབང་མེད། རང་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པར། ཀྲུང་གོ་ཕྱོགས་ལ་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དང་ཆོད་སེམས་བརྟན་པོ་ཡོད།
  ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་ནི་ཀྲུང་གོའི་ཤང་ཀང་དང་ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཨ་ཅང་བརྗོད་མེད་ཡིན། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གསུམ་པའི་ཁྲིམས་འཛུགས་ལས་དོན་ལེགས་པར་བསྒྲུབས་པ་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྩ་ཁྲིམས་ཀྱི་སྲིད་ལུགས་ཀྱི་འགན་འཁྲི་རེད། དེ་ཤང་ཀང་གི་གྲོང་མི་ཡོངས་ཀྱི་རྩ་བའི་བདེ་རྩ་སྲུང་བར་ཕན་པ་དང་ཤང་ཀང་དུ་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་མ་འཇོག་མཁན་གྱི་ཁེ་ཕན་སྲུང་བར་ཕན་པ་ཞིག་ཡིན་པ་ལས། ཁྲིམས་ལྟར་ལོངས་སུ་སྤྱོད་པའི་ཤང་ཀང་གི་གྲོང་མིའི་ཁེ་དབང་དང་རང་དབང་ཏིལ་འབྲུ་ཙམ་ཡང་ཆུང་དུ་འགྲོ་མི་སྲིད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་བདག་དབང་དང་ཤང་ཀང་གི་ཁྲིམས་སྐྱོང་ལ་བརྩི་འཇོག་བྱས་ཏེ་འགོག་རྐྱེན་བཟོ་མི་རུང་ལ་ཐེ་ཇུས་དེ་བས་ཀྱང་བྱེད་མི་རུང་ཞེས་གསལ་པོར་བསྟན་ཡོད།
  ཀྲུང་གོ་ཕྱོགས་ཀྱིས་ཤིན་ཅང་དང་བོད་ཀྱི་གནད་དོན་ཚང་མ་ནི་ཀྲུང་གོའི་ནང་སྲིད་ཡིན། འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་ཁབ་གང་ཞིག་ལ་གཅིག་པུར་དབང་བ་ཞིག་མིན། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཅི་འདྲ་ཡོད་པ་རང་རང་སོ་སོའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། ཕན་ཚུན་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཀྲུང་གོ་ཕྱོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཨ་རི་ཕྱོགས་དང་སྤེལ་རེས་བྱེད་འདོད་ཡོད། ཡིན་ན་ཡང་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་ནན་བཤད་བྱས་ཡོད།
  ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་འཛིན་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་དང་ཁ་གསལ་པོ་ཡིན། ཉམས་ཉེན་དེ་སྔར་ལས་ཆེ་རུ་དང་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད་པས་ཞི་ལྷོད་དུ་འགྲོ་ཐབས་བྱེད་དགོས་ཤིང་། གྲོས་མོལ་བྱས་ནས་འགལ་བ་སེལ་ཐབས་བྱེད་པ་ལས་མེ་སྒྱོགས་ལ་བརྟེན་ནས་དམག་འཁྲུག་འདི་མཇུག་འགྲིལ་ཐབས་བྱེད་མི་རུང་། ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པ་ནི་སུ་རྒྱལ་སུ་ཕམ་མིན་པར་ཞི་བདེ་ཡོང་བ་བྱེད་པ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུ་ཡིན། ཀྲུང་གོ་ནི་ཡུག་རེན་གྱི་ཉམས་ཉེན་བཟོ་མཁན་དང་དོ་བདག་ཕྱོགས་མིན་ལ། གདོང་ཐུག་ཕྱོགས་གང་རུང་ལ་སྲོག་བཅོམ་གྱི་མཚོན་ཆ་མཁོ་འདོན་བྱེད་མྱོང་ཡང་མེད། ང་ཚོར་ཁེ་ཕན་མེད་ལ་དེའི་ཁྲོད་ནས་ཁེ་ཕན་ཐོབ་ཐབས་ཀྱང་བྱེད་མི་སྲིད། རྒྱལ་ཁབ་གཞན་དག་གིས་ཀྲུང་གོ་དང་ཨུ་རུ་སུའི་རྒྱུན་གཏན་གྱི་རྒྱལ་ཁབ་འབྲེལ་བར་ཚིག་མཚོན་འདེབས་པ་དང་མིང་ཆད་ངན་པ་བཟོ་རྒྱུ་མེད་པ་དང་། ཀྲུང་གོ་དང་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་རྒྱུ་མེད་ལ། དོན་མེད་ངང་ཀྲུང་གོར་མ་ཉེས་ཁག་གཡོགས་བྱས་ནས་ཤོག་ཁག་སྒྲིག་སྟེ་ཁ་གཏད་དུ་དེ་བས་ཀྱང་ལངས་རྒྱུ་མེད།
  ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ལོ་མང་ཐག་གཅོད་བྱུང་མེད། ཐག་གཅོད་མ་བྱུང་བའི་རྒྱུ་རྐྱེན་གསལ་པོ་རེད། མིག་སྔར་ཁ་ཚ་དགོས་གཏུགས་ཆེ་ཤོས་ནི་འཇིགས་སྐུལ་གྱི་གནོན་ཤུགས་མཚམས་འཇོག་བྱས་ནས་རེས་མོས་རིམ་སྤོར་གྱི་འགྲན་རྒོལ་ལས་ཐར་ཐབས་བྱེད་རྒྱུ་དེ་རེད། རྩ་བའི་ཐབས་ལམ་ནི་སྐད་ཆ་ཤོད་རེས་དང་གྲོས་མོལ་བསྐྱར་དུ་བྱེད་འགོ་བཙུགས་ཏེ། ཕྱོགས་སོ་སོ་དང་ལྷག་པར་དུ་ཁྲའོ་ཞན་ཕྱོགས་ཀྱི་ལུགས་མཐུན་བདེ་འཇགས་ཐད་ཀྱི་དོ་ཁུར་ཐག་གཅོད་བྱས་ནས། ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ཨེ་ཤེ་ཡ་བྱང་ཤར་གྱི་ས་ཁུལ་ལ་འཁྲུག་འཛིང་ཟང་ཟིང་བྱུང་ན་སུ་ལའང་ཕན་པ་མེད། ཕྱེད་གླིང་གི་གནད་དོན་གྱི་ལྟེ་བ་དེ་ཨ་རི་དང་ཁྲའོ་ཞན་དབར་གྱི་འགལ་ཟླ་ཡིན་པ་དང་གནད་དོན་ཐག་གཅོད་བྱེད་མིན་དེ་ཨ་རི་ཕྱོགས་ལ་རག་ལུས་ཡོད།