ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བོད་ལུགས་གསོ་རིག་གི་སློབ་གཞི་ཐོག་མ་པར་སྐྲུན་འགྲེམ་སྤེལ་བྱས་པ།

སྤེལ་དུས 2024-03-05 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

            ཉེ་སྔོན། གསར་འགོད་པས་མཚོ་སྔོན་སློབ་ཆེན་ནས་རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱི་རྒྱ་ཡིག་པར་གཞི་ཡིན་པའི«བོད་ལུགས་གསོ་རིག་སྤྱི་བཤད»ཅེས་པའི་སློབ་གཞི་ཐོག་མ་མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། དུས་ཡུན་རིང་པོའི་ནང་བོད་ཡིག་པར་གཞིའི་སློབ་གཞི་དང་བོད་སྐད་སློབ་ཁྲིད་གཙོ་ཁྲིད་བྱས་པའི་རང་རྒྱལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཐོ་རིམ་སློབ་གསོའི་རྣམ་པ་ལས་བརྒལ་ཏེ། རང་རྒྱལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཐོ་རིམ་སློབ་གསོ་མཐུན་སྦྱོར་གསར་གཏོད་དང་ཚན་སློབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་ཚན་རྩེ་གྲ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་ཀྱི་གསོ་བ་རིག་པའི་རིག་གནས་དར་སྤེལ་དང་དུས་རབས་གསར་བའི་བོད་ཀྱི་གསོ་བ་རིག་པའི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྦྱོང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།  

            «བོད་ལུགས་གསོ་རིག་སྤྱི་བཤད»ནི་རང་རྒྱལ་གྱི་རྒྱ་ཡིག་པར་གཞི་ཡིན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གསར་གཏོད་སློབ་གཞི་ཐོག་མ་ཡིན་པའི་ཆ་ནས་མཚོ་སྔོན་སློབ་ཆེན་གྱིས་སྣེ་ཁྲིད་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་དང་པེ་ཅིན་ཀྲུང་ལུགས་གསོ་རིག་དང་སྨན་རྫས་སློབ་ཆེན་སོགས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ10ལྷག་གི་ཆེད་ལས་དགེ་རྒན22ཀྱིས་ལོ་གསུམ་རིང་རྩོམ་སྒྲིག་བྱས་ནས་ལེགས་འགྲུབ་བྱུང་བ་ཡིན་ལ། སློབ་དེབ་ཀྱི་ནང་དོན་ཐད་ཡང་དག་དང་གསར་གཏོད་ཀྱི་རྩ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བོད་ཡིག་གི«བོད་ལུགས་གསོ་རིག་སྤྱི་བཤད»ཀྱི་སློབ་དེབ་ཀྱི་ནང་དོན་རྨང་གཞིར་བྱས་ཐོག སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཐོག་མར་སྦྱོང་མཁན་གྱིས་གོ་བ་ལེན་རྒྱུ་དམིགས་ཡུལ་དུ་བྱས་ཏེ་བོད་ལུགས་གསོ་རིག་གི་ནང་དོན་སྒྲོམ་གཞི་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག བོད་ལུགས་གསོ་རིག་གི་ནད་ཁམས་དང་ལུས་ཁམས། བོད་ལུགས་གསོ་རིག་གི་བརྟག་དཔྱད། བོད་ལུགས་གསོ་རིག་གི་སྨན་བཅོས་སོགས་གཞི་རྩའི་ནང་དོན་རྒྱ་ཆེར་བཏང་བ་དང་དུས་མཚུངས་སུ། གླེང་གཞི་དང་བོད་ཀྱི་གསོ་བ་རིག་པའི་ཆགས་ཚུལ་དང་འཕེལ་རྒྱས། «རྒྱུད་བཞི»དང་དེའི་ཁྱད་ཆོས། བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་མཚན་ཉིད་རིག་པའི་རྨང་གཞི། སྨན་རྒྱལ་གྲོང་ཁྱེར་དང་དེའི་དངོས་ཡོད་དོན་སྙིང་། བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་ནང་དོན་ཕྱོགས་བསྡུས་དང་དཔེ་ལེགས་རི་མོ་སོགས་ལེའུ་དང་ནང་དོན་ཚུད་ཡོད་པ་རེད།      

            དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་རྒྱ་ཡིག་གི་པར་གཞིའི«བོད་ལུགས་གསོ་རིག་སྤྱི་བཤད»ཀྱི་སློབ་དེབ་ནི་མཚོ་སྔོན་སློབ་ཆེན་གྱིས་རང་རྒྱལ་གྱི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་དྲ་ཐོག་སློབ་ཚན་དང་པོ«བོད་ལུགས་གསོ་རིག་སྤྱི་བཤད»(རྒྱ་ཡིག་པར་གཞི)གསར་སྤེལ་བྱས་རྗེས། སླར་ཡང་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཆི་ཨེན་གྱིས་སྣེ་ཁྲིད་དེ་གསར་སྤེལ་བྱས་པའི་རང་རྒྱལ་གྱི་རྒྱ་ཡིག་པར་གཞིའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གསར་གཏོད་སློབ་གཞི་ཐོག་མ་ཡིན་པས། མཚོ་སྔོན་སློབ་ཆེན་གྱི་སློབ་ཚན་འཛུགས་སྐྲུན་དང་སློབ་གཞི་འཛུགས་སྐྲུན་རྣམ་གྲངས་ཐད་ཀྱི་རྒྱབ་སྐྱོར་ཐོབ།


རྩོམ་སྒྲིག་པ། རིག་གྲོལ།