ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

“ལམ་གཉིས”སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ།

སྤེལ་དུས 2024-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་འགྲིམ་འགྲུལ་གྱི་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་གྱི་བགྲོ་གླེང་ཚོགས་འདུ་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཆེད་མཁས་པའི་རིག་གཞུང་གླེང་སྟེགས་དང་། ཆེད་དོན་འཆད་ཁྲིད།  “ལམ་གཉིས”ཀྱི་སྙིང་སྟོབས་སློབ་ཁྲིད་བྱེད་སྒོ། ཁྲོན་བོད་གཞུང་ལམ་རྟེན་མཛོད་ཁང་དུ་ལྟ་སྐོར། དམག་སྡེ་བཅོ་བརྒྱད་པའི་གཉེན་ཉེ་དང་སྔོན་གཤེགས་དཔའ་བོའི་རྗེས་རབས་པས་ཤིས་ཚིག་སྒྲོན་པ་དང་ཞལ་འདེབས་འབུལ་བ་སོགས་གྲོས་རིམ་མང་པོ་བཀོད་སྒྲིག་བྱས་ནས“ལམ་གཉིས”ཀྱི་སྙིང་སྟོབས་སློབ་སྦྱོང་དང་གོ་བ་བླངས་པ། འགྲིམ་འགྲུལ་གྱི་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

ཁྲོན་བོད་གཞུང་ལམ་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
             2014ལོའི་ཟླ8པར། “ལམ་གཉིས”བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ60འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། ལོ་ངོ60ཡི་རིང་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པའི་བརྒྱུད་རིམ་ནང་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་སྐྱེད། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ་བྱེད་པའི“ལམ་གཉིས”ཀྱི་སྙིང་སྟོབས་ཆགས་པ་དང་དར་སྤེལ་བཏང་ཡོད། ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་གཉིས”ཀྱི་སྙིང་སྟོབས་བཏོན་ནས་ལོ10འཁོར་བ་དང་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་ཤར་གཏོང་ཐུབ་ནས་ལོ70འཁོར་བའི་ལོ་རེད། “ལམ་གཉིས”ཀྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྒྱུད་རབས་ནང་བཅུག་པའི་སྙིང་སྟོབས་རླབས་པོ་ཆེ་ཁག་དང་པོ་ཡིན་པ་དང་། སི་ཁྲོན་ནི་ཁྲོན་བོད་གཞུང་ལམ་གྱི་ལྟེ་བའི་ས་ཁོངས་དང“ལམ་གཉིས”ཀྱི་སྙིང་སྟོབས་འབྱུང་གནས་གལ་ཆེན་ཞིག་རེད།

བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ།
             ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་། སི་ཁྲོན་ཞིང་ཆེན་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་གི་བློ་མཐུན་གྱིས། ལོ70ཡི་རིང་སི་ཁྲོན་འགྲིམ་འགྲུལ་ལས་དོན་པས་ཁྲག་དྲོན་དང་རྔུལ་ཆུ་བཏོན་ནས་ལང་ཚོ་དང་སྤྲོ་སེམས་ལེགས་སྐྱེས་སུ་ཕུལ་ཏེ། “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་བ་དང་སི་ཁྲོན་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི42ལས་བརྒལ་བར་སྐུལ་འདེད་བཏང་སྟེ། “ཁྲོན་ལམ་དཀའ་ཚེགས་ཆེ་བ”ནས“ཁྲོན་ལམ་ཤར་གཏོང་ཐུབ་པ”མ་ཟད“ཁྲོན་ལམ་ཐོགས་པ་མེད་པའི”ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། བོད་འབྲེལ་ཁུལ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ལམ་ཐིག་ནས་ལམ་དྲའི་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བཤད།
             ཚོགས་འདུའི་ཐོག་ད་དུང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་དགེ་རྒན་ཆེན་མོ་དགེ་ལེགས་དང་། ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའོ་རུའེ་མིན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཀུའོ་ཧའེ་ལུང་སོགས“ལམ་གཉིས”ཀྱི་སྙིང་སྟོབས་ཞིབ་འཇུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་། དེ་བཞིན་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་དྲངས་ནས་གཙོ་དོན་གཏམ་བཤད་སྤེལ་བ་རེད།

དགེ་རྒན་ཆེན་མོ་དགེ་ལེགས་ཀྱིས་གཏམ་བཤད་གནང་བཞིན་པ།
             ཚོགས་ཞུགས་མི་སྣས“ལམ་གཉིས”ནི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། ཤེས་དཔལ་ཡར་ཐོན་གྱི་ལམ་བུ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཅས་ཡིན་པའི་ངོས་འཛིན་བྱས་པ་རེད།  “ལམ་གཉིས”ཀྱི་སྙིང་སྟོབས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནི་ཏང་གི་སྙིང་སྟོབས་ཀྱི་རྒྱུད་རབས་ཁྲོད་ཀྱི་གཞི་རྒྱུ་གལ་ཆེན་ཞིག་ཡིན་ཞིང་། དེར་བླ་ན་མེད་པའི་དད་པ་དང་རླབས་ཆེན་གྱི་ཕུགས་བསམ། བློས་གཏོང་ཕོད་པ་དང་ལེགས་སྐྱེས་འབུལ་འདོད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པའི་སྙིང་སྟོབས་ཀྱི་ངོ་བོ་འདུས་ཡོད།  “ལམ་གཉིས”ལ་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་རྒྱུན་མཐུད་འབད་འཐབ་བྱས་ཡོད་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་དུས་རབས་ཀྱི་དཔང་པོ་ཞིག་ཡིན་ལ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།
            དམག་སྡེ་བཅོ་བརྒྱད་པའི་གཉེན་ཉེ་དང་སྔོན་གཤེགས་དཔའ་བོའི་རྗེས་རབས་པ་ཁྲོན་བོད་གཞུང་ལམ་སྐྲུན་མཁན་དཔའ་བོ་ཀྲང་ཧྥུའུ་ལིན་གྱི་གཅུང་པོ་ཀྲང་ཧྥུའུ་ལི་དང་། དམག་སྡེ་བཅོ་བརྒྱད་པའི་ཅུན་ཀྲང་ཀྲང་གོ་ཧྭ་ཡི་བུ་ཀྲང་ཞའོ་ཅུན། དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱི་བུ་ཐན་རུང་ཧྲེང་། ཁམས་བོད་གཞུང་ལམ་འཛུགས་སྐྲུན་སི་ལིང་པུའུ་ཡི་ཆབ་སྲིད་ཨུ་ཡོན་རན་མིང་ཏེ་ཡི་བུ་མོ་རང་ལི་ཧྭ། “ཁྲོན་བོད་གཞུང་ལམ་སྟེང་གི་དཔའ་བོ་བཅུ”ཡི་ལེན་ཀྲང་དབྱང་ཤིང་ཁྲུན་གྱི་བུ་དབྱང་ལིན་སོགས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་དང་། ཕ་རབས་ཚོའི་གཟི་བརྗིད་ལྡན་པའི་ལོ་ཟླར་བརྩེ་བ་ཟབ་མོས་དྲན་གསོ་ཞུས་པ་དང་ཕ་རབས་ཚོས་ས་མཐོར་བཅངས་པའི་བརྩེ་སེམས་གླེང་། བགྲོ་གླེང་ཚོགས་འདུའི་ཐོག་ཀྲང་ཧྥུའུ་ལི་དང་དབྱང་ལིན་གྱིས་ཁྲོན་བོད་གཞུང་ལམ་རྟེན་མཛོད་ཁང་ལ་སྐབས་དེ་དུས་ཁྲོན་བོད་གཞུང་ལམ་བསྐྲུན་པའི་འབྲེལ་ཡོད་ལོ་རྒྱུས་དངོས་པོ་ཞལ་འདེབས་ཕུལ་བ་རེད། སི་ཁྲོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ600ལྷག་ཙམ་དེ་གར་ཡོང་ནས“ལམ་གཉིས”རྒྱབ་ཀྱི་གཏམ་རྒྱུད་དང“ལམ་གཉིས”སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཉན་ནས་ཡར་རྒྱས་གོང་འཕེལ་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུ་དེ་ནི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་བྱས་པ་དང་། སི་ཁྲོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་ཡུལ་སྐོར་སློབ་གླིང་བཅས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི“ལམ་གཉིས”ཀྱི་སྙིང་སྟོབས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་རབ་དང་རིམ་པའི་ཚོགས་འདུ་དང་པོ་ཡིན་པ་དང་། དེ་ནས་སྔ་རྗེས་སུ་མཚོ་སྔོན་དང་། བོད་ལྗོངས། པེ་ཅིང་བཅས་སུ་འཚོགས་ནས“ལམ་གཉིས”ཀྱི་སྙིང་སྟོབས་སློབ་སྦྱོང་གཏིང་ཟབ་དང་རྒྱུན་འཛིན་དར་སྤེལ་གཏོང་བ་དང་།  ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལོ700སོང་རིང་གི་འོད་སྟོང་འཕྲོ་བའི་འཕེལ་རིམ་ལ་ཐུན་མོང་ཐོག་ཕྱིར་མིག་ལྟ་བ།  “ལམ་གཉིས”སུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་དུས་རབས་ཀྱི་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་གྱི་འཕེལ་རིམ་གང་ལེགས་ངོམ་པ། དུས་རབས་གསར་པའི“ལམ་གཉིས”ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ།  “ལམ་གཉིས”སྙིང་སྟོབས་ཀྱི་དུས་རབས་ཀྱི་དོན་སྙིང་འབྲི་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་རླབས་པོ་ཆེ་གཅིག་ཏུ་སྒྲིལ་བ་བཅས་བྱ་རྒྱུ་རེད།

རྩོམ་སྒྲིག་པ། དཔལ་གཡང་།