ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཁེ48ལས་མེད་པའི་རིག་དངོས་རྩ་ཆེན་འདི་ཐེངས་དང་པོ་འགྲེམས་སྟོན་བྱས།

སྤེལ་དུས 2024-06-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཟླ6པའི་ཚེས15ཉིན། ཧན་རྒྱལ་རབས་ནུབ་མ་དང་ཤར་མའི་དུས་སྐབས་དང་རོ་མའི་དུས་སྐབས་ཀྱི་བུད་མེད་ཀྱི་རིག་དངོས་འགྲེམས་སྟོན་དེ་ཧུའུ་ནན་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། མ་ཝང་ཏུའེ་བང་སོ་ནས་ཐོན་པའི་དར་གོས་འཁྱོག་ཐུ་མ་དེ་ཡོངས་བསྒྲགས་ཐོག་འགྲེམས་སྟོན་བྱས་འདུག རིག་དངོས་དེ1972ལོར་ཁྲང་ཧྲའི་མ་ཝང་ཏུའེ་བང་སོ་དང་པོ་ནས་ཐོན་རྗེས་ཡོངས་བསྒྲགས་འགྲེམས་སྟོན་གྱི་རྣམ་པའི་ཐོག་ནས་སྟོན་ཐེངས་དང་པོ་དེ་ཡིན།

             མ་ཝང་ཏུའེ་བང་སོ་ནས་ཐོན་པའི་དར་གོས་འཁྱོག་ཐུ་མ་རྒྱུ་ཆ་སྲབ་ཅིང་ཚོས་རྒྱག་མ་བྱས་པའི་རིས་སྙོམས་ཁུང་བུ་གྲུ་བཞི་ཅན་གྱི་སེང་རས་དཀར་པོས་གྲུབ་པ་དང་། ཕུ་ཐུང་དང་གོང་བ་དར་སེང་གིས་ཤན་ཏེ། དར་གོས་དེ་རོང་ཆ་ག་པའི་གཤོག་པ་ལྟར་སྲབ་པ་མ་ཟད་སྨུག་སྤྲིན་ལྟར་ཤིན་ཏུ་ཡང་ཞིང་། ཁྱོན་ལྗིད་ཚད་ཁེ48ལས་མེད། ཧུའུ་ནན་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ལྗིད་ཚད་ཁེ49ཡོད་པའི་དར་གོས་དྲང་ཐུ་མ་གཞན་ཞིག་དང་བསྡུར་ན་མི་འདྲ་བའི་ཆ་མང་པོ་ལྡན་ཡོད།

             ཧུའུ་ནན་རྟེན་རྫས་བཤམས་མཛོད་ཁང་གི་མ་ཝང་ཏུའེ་ཧན་རྒྱལ་རབས་སྐབས་ཀྱི་བང་སོའི་ཉར་ཚགས་དངོས་རྫས་ཞིབ་འཇུག་འགྲེམས་སྟོན་ལྟེ་གནས་ཀྱི་ཀྲུའུ་རེན་ཡུས་ཡན་ཅའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དར་གོས་དྲང་ཐུ་མ་དང་འཁྱོག་ཐུ་མ་གཉིས་ཀྱི་ཁྱད་པར་ཆེ་ཤོས་ནི་གོས་ཐུའི་རིང་ཚད་དང་གྱོན་སྟངས་མི་འདྲ་བ་དེ་རེད། དར་གོས་འཁྱོག་ཐུ་མའི་གོས་ཐུ་ཅུང་རིང་བ་དང་། གོས་ཐུ་རྒྱབ་ནས་མདུན་དུ་དཀྲི་ཐུབ་པ་དང་། གྱོན་ཆས་དེ་སྤྱིའི་ཆ་ནས་དེ་བས་ཆེ་བ་ཡོད་ཅིང་། གོས་ཀྱི་རིང་ཚད་ལ་ལི་སྨི160དང་། ཕུ་ཐུང་གི་རིང་ཚད་ལི་སྨི195ཡིན་མོད། འོན་ཀྱང་དར་གོས་དྲང་ཐུ་མ་ལས་ཁེ1ཡང་བ་ཡོད།

             དར་གོས་འདི་ནི་ཧན་རྒྱལ་རབས་ནུབ་མའི་དུས་སྐབས་ཀྱི་འཁལ་འཐག་ལག་རྩལ་གྱི་རྩེར་སོན་ཐོན་རྫས་ཤིག་ཡིན་ལ། མིག་སྔར་ཆེས་ཐོན་སྔ་ཤོས་དང་སྲབ་ཤོས། ཡང་ཤོས་བཅས་ཀྱི་གྱོན་ཆས་ཤིག་ཀྱང་ཡིན། དེ་ནི་མ་ཝང་ཏུའེ་ཡི་ཧན་རྒྱལ་རབས་ཀྱི་བང་སོ་དང་པོ་སྟེ་ཞིན་ཀྲུའེ་ཡི་བང་སོ་ནས་ཐོན་པ་རེད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ཐོག་བཀོད་པ་ལྟར། ཞིན་ཀྲུའེ་ནི་ཧན་རྒྱལ་རབས་ནུབ་མའི་དུས་སྐབས་ཀྱི་ཁྲང་ཧྲའི་རྒྱལ་ཕྲན་རྒྱལ་ཁབ་ཀྱི་བློན་ཆེན་ལི་ཚང་གི་ཆུང་མ་ཡིན་པ་དང་། ཁོང་མོ་ཚེ་ལས་འདས་སྐབས་ལོ50ཙམ་ཡིན་ཞིང་། ད་ལྟའི་བར་ལོ2200ལྷག་ཙམ་ཟིན་གྱི་ཡོད།

             ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཧུའུ་ནན་རྟེན་རྫས་བཤམས་མཛོད་ཁང་དང་རོ་མའི་རིག་གནས་ཤུལ་བཞག་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག་ཇུས་འགོད་བྱས་པ་ཞིག་ཡིན་ཞིང་། འགྲེམས་སྟོན་དངོས་རྫས་ཆ་ཚང200ལྷག་ཙམ་ཡོད་པ་དེ་དག་རང་རྒྱལ་གྱི་ཧུའུ་ནན་རྟེན་རྫས་བཤམས་མཛོད་ཁང་དང་དབྱི་ཐ་ལིའི་རོ་མའི་ཁ་པི་ཐོ་ལི་ཨོའུ་རྟེན་རྫས་བཤམས་མཛོད་ཁང་སོགས་རྟེན་རྫས་བཤམས་མཛོད་ཁང19ནས་ཐོན། དེ་དག་ཁྲོད་ཟངས་ཆས་དང་། རྫ་ཆས། གསེར་དངུལ་ཆས། ཤེལ་ཆས། གཡང་ཊིའི་རིགས། བརྐོས་བརྙན་གྱི་རིགས་སོགས་རིགས་སྣ་ཚོགས་ཡོད་པ་དང་། དེའི་ནང་དར་གོས་འཁྱོག་ཐུ་མ་དང་ཞིན་ཀྲུའེ་བང་སོའིTདབྱིབས་ཅན་གྱི་དར་གོས་རི་མོའི་རིག་དངོས་ངོ་མ་དེ་གཉིས་ཀྲུང་གོའི་རྒྱལ་ཁབ་རིམ་པའི་རིག་དངོས་རྩ་ཆེན་ཡིན་པའི་ངོས་ནས་ཐེངས་དང་པོར་འགྲེམས་སྟོན་བྱས་འདུག

རྩོམ་སྒྲིག་པ། དཔལ་གཡང་།