ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧང་ཀྲོའུ་ཧྲང་ཁྲེང་དུ་དཀར་མཛེས་དར་རྒྱས་ཀྱི་འོད་སྣང་མངོན་པ།

སྤེལ་དུས 2024-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ལོ་རྒྱུས་ཀྱི་གནའ་ཉམས་དང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཧང་ཀྲོའུ་གྲོང་ཁྱེར་ཧྲང་ཁྲེང་ཆུས་ཀྱི་ཟུར་ཞིག་ཏུ་གནས་པའི“སེམས་སྐྱོང་བཟའ་བཅའ་ཁང”ནི་དེའི་ཐུན་མོང་མ་ཡིན་པའི་ཐོབ་ཐང་དང་ལས་འགན་ལ་བརྟེན་ནས། ཀྲེ་ཅང་དང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབར་གྱི་མཛའ་གྲོགས་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་ཅིག་ཏུ་གྱུར་ཡོད། འདི་གར་ནི་ཧང་ཀྲོའུ་གྲོང་ཁྱེར་གྱི་འཛད་སྤྱོད་རོགས་སྐྱོར་འགྲེམས་སྟོན་འགྲེམས་འཚོང་ལྟེ་གནས་ཤིག་ཡིན་པ་མ་ཟད། ཧང་ཀྲོའུ་ཡི་འཛད་སྤྱོད་རོགས་སྐྱོར་གྱི་དཔེ་སྟོན་བཟའ་བཅའ་ཁང་ཐོག་མ་དེའང་ཡིན་པས། དེ་ལས་ཀྲེ་ཅང་གིས་དཀར་མཛེས་ཁུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་ཡོད། 
             གནའ་ཉམས་ཀྱིས་ཕྱུག་པའི“སེམས་སྐྱོང་བཟའ་བཅའ་ཁང”དུ་སྐྱོད་སྐབས། དང་ཐོག་མིག་ལམ་དུ་མངོན་པ་ནི་སྣ་མང་ཕུན་སུམ་ཚོགས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཁུལ་ཡིན་ཞིང་། འདི་གར་ཡོད་པའི་ཐུམ་སྒྲིལ་ཁྱད་པར་ཅན་གྱི་སྦྲང་རྩིའི་འཐུང་ཆུ་དག་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་འགྱུར་ཡོད། སྦྲང་རྩིའི་འཐུང་ཆུ་འདི་དཀར་མཛེས་ཁུལ་ལི་ཐང་རྫོང་ནས་ཐོན་པ་དང་། ས་མཐོའི་ས་ཁུལ་གྱི་དྭངས་གཙང་མཁའ་རླུང་དང་ཆུས་སྦྲང་མར་ཐུན་མོང་མ་ཡིན་པའི་སྐྱེ་འཚར་གྱི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད། 

དཀར་མཛེས་ཁུལ་ལི་ཐང་རྫོང་གི་ས་མཐོའི་སྦྲང་རྩིའི་འཐུང་ཆུ།
             སྦྲང་རྩིའི་འཐུང་ཆུ་འདིར་སྦྲང་རྩིའི་ལྷན་སྐྱེས་ཀྱི་བྲོ་བ་སོར་འཇོག་བྱས་པའི་ཐོག་ཤིང་ཏོག་ཉིང་མེང་གི་བྲོ་བ་འདྲེས་ཡོད་པས། བྲོ་བ་ཞིམ་ཞིང་འཇམ་ལ་མངར་སིལ་ཡང་ཅུང་ཟད་ལྡན་ཡོད། དེ་ཁམ་གང་འཐུང་བ་ཙམ་གྱིས་ས་མཐོའི་དྭངས་ཤིང་གཙང་བའི་མཁའ་རླུང་དང་གནམ་སྔོན་སྤྲིན་དཀར་དག་ཚོར་ཐུབ་ཀྱི་ཡོད། 

དཀར་མཛེས་ཁུལ་ལི་ཐང་རྫོང་གི་ནས་ཀྱི་སྦི་རག
             ས་མཐོའི་སྦྲང་རྩིའི་འཐུང་ཆུ་ཕུད“སེམས་སྐྱོང་བཟའ་བཅའ་ཁང”ནང་ད་དུང་ལི་ཐང་རྫོང་དང་མཉམ་ལས་བྱས་པའི“འབའ་གཅིག་འཐུང”ཞེས་པའི་ལི་ཐང་གི་ནས་ཀྱི་སྦི་རག་འགྲེམས་སྟོན་བྱས་ཡོད་ཅིང་། དཀར་མཛེས་ཁུལ་གྱི་འབྲུ་རིགས་ལོ་ཏོག་གཙོ་བོའི་གྲས་ཤིག་ཡིན་པའི་ནས་འདི་ཉིད་ལི་ཐང་རྫོང་དུ་གསར་སྤེལ་དང་བེད་སྤྱོད་གང་ལེགས་ཐུབ་ཡོད་ལ། སྔོན་ཐོན་གྱི་ཆང་བསྙལ་ལག་རྩལ་དང་རྒྱུ་ཆ་ནང་འདྲེན་བྱས་པ་བརྒྱུད“འབའ་གཅིག་འཐུང”གི་ནས་བསྙལ་སྦི་རག་ཁྲོམ་རའི་ཐོག་བཏོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དེའི་བྲོ་བ་ཞིམ་ཞིང་འཇམ་ལ་འཐུང་དུས་ཀྱང་འཐུང་བདེ་པོ་ཡོད་པས་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་ཡོད། གཞན་ཡང་ནས་ཀྱི་གཏན་ཞིམ་སྣ་ཚོགས་དང་ཁ་ཆེ་ཤ་སྐམ་གྱི་བྱི་རིལ་མངར་མོ་སོགས་ཁྱད་ལྡན་ཐོན་རྫས་ཀྱང་ཡོད།
             “སེམས་སྐྱོང་བཟའ་བཅའ་ཁང”ནི་འཛད་སྤྱོད་རོགས་སྐྱོར་བྱེད་ས་ཙམ་མ་ཟད། དེ་བས་ཀྱང་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་ཤིག་ཡིན་ཞིང་། སྤུས་ལེགས་ཐོན་རྫས་དེ་དག་ཁྱབ་གདལ་དང་ཕྱིར་ཚོང་བྱས་པ་བརྒྱུད། མི་མང་པོ་ཞིག་གིས་ས་ཁུལ་དེ་དག་གི་ཁྱད་ལྡན་རིག་གནས་དང་ཐོན་ལས་ཀྱི་ལེགས་ཆ་རྒྱུས་ལོན་བྱེད་དུ་བཅུག་ཡོད་པ་དང་། དེ་དང་ཆབས་ཅིག“སེམས་སྐྱོང་བཟའ་བཅའ་ཁང”གིས་ད་དུང་སྤྱི་ཕན་བྱེད་སྒོ་སྣ་ཚོགས་དང་།  དྲིལ་བསྒྲགས་ཁྱབ་གདལ་ནང་ཧུར་ཐག་ཞུགས་ནས།  དཀར་མཛེས་ཁུལ་གྱི་གྲོང་གསེབ་དར་རྒྱས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་ཕུལ་བཞིན་ཡོད། 

འགྲེམས་སྟོན་འགྲེམས་འཚོང་ས་ཁོངས་ཀྱི་ཟུར་ཞིག
             “སེམས་སྐྱོང་བཟའ་བཅའ་ཁང”བཙུགས་པ་དང་འཕེལ་རྒྱས་བཏང་བ་ནི་ཀྲེ་ཅང་དང་དཀར་མཛེས་དབར་སྤེལ་རེས་མཉམ་ལས་བྱེད་པའི་བསྡུས་རིས་ཤིག་ཡིན་ཞིང་། མ་འོངས་པའི་ལོ་ཟླའི་ཁྲོད“སེམས་སྐྱོང་བཟའ་བཅའ་ཁང”གིས་མུ་མཐུད་དུ་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་བཏོན་ནས།  ས་གནས་གཉིས་ཀྱི་འཕེལ་རྒྱས་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་ཕུལ་རྒྱུའི་ཡིད་ཆེས་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།