ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

སྤེལ་དུས 2024-03-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》དཔེ་དེབ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
            དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་དངུལ་རྩའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངུལ་རྩའི་ངོ་བོར་རྒྱུན་ཆད་མེད་པར་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ། དངུལ་རྩའི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུ་རིམ་བཞིན་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་དངུལ་རྩའི་བྱ་གཞག་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བའི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་པས། རང་རེའི་ཏང་གིས་དངུལ་རྩའི་ལས་དོན་གྱི་ངོ་བོའི་ཆོས་ཉིད་དང་འཕེལ་རྒྱས་འགྲོ་ལམ་གྱི་ངོས་འཛིན་མཐོ་ཚད་གསར་པར་མཐོན་པོར་འདེགས་ཡོད་ལ། དངུལ་རྩའི་གནད་དོན་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དངུལ་རྩའི་ལེའུ་ཞིག་གྲུབ་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
            《རྣམ་བཤད་གཅེས་བཏུས》དེ་ཆེད་དོན་10ལ་དབྱེ་བ་དང་ཁྱོན་རྣམ་བཤད་ཁག་324ཡོད་པ་དེ་2012ལོའི་ཟླ་11པ་ནས་2024ལོའི་ཟླ་2པའི་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་སྙན་སྒྲོན་དང་། གསུང་བཤད། གསལ་འགྲེལ། གཏམ་བཤད་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་120ལྷག་ཙམ་ནས་གནད་བསྡུས་བྱས་པ་ཞིག་རེད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན།