ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྙན་ཞུ་འདིར་གྲོས་ཞིབ་གནང་བ།

སྤེལ་དུས 2024-04-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་3ཚེས་29ཉིན་ཚོགས་འདུ་འཚོགས་ནས། 《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་འདུག
       ཚོགས་འདུའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐོར་ཞིབ་ལས་དོན་བཀོད་སྒྲིག་གནང་བ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཡོངས་སུ་ཁྱབ་པར་བྱས་ཡོད། སྐོར་ཞིབ་ནས་བལྟས་ན། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད་མོད། འོན་ཀྱང་གནད་དོན་ཁ་ཤས་ཀྱང་གནས་ཡོད་པས། ངེས་པར་དུ་ཆབ་སྲིད་ཐོག་ནས་ཚད་མཐོའི་མཐོང་ཆེན་དང་། གཟབ་ནན་སྒོ་ནས་ཐག་གཅོད་བྱེད་དགོས། སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། གནད་དོན་གྱི་གསལ་ཐོ་དང་། ལས་འགན་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོས་ནས། དོན་དག་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་དོན་དག་རེ་རེ་ཚང་མར་ལན་ཡོད་པ་བྱེད་དགོས། སྐོར་ཞིབ་དག་ཐེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་མི་སྣར་དམ་འཛིན་དང་། གཙོ་གནད་ལས་དོན་ལ་ལྷོད་གཡེང་མི་གཏོང་བ། རྩིས་ཁྲ་རེ་རེ་བཞིན་བཤེར་ནས་ཨང་ཐོ་མེད་པ་བཟོ་བ། དག་ཐེར་ཡོ་བསྲང་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་འཛུགས་པ། ཁྲལ་སེལ་སླ་བཅོས་ཀྱིས་དག་ཐེར་ལེགས་བཅོས་དང་དག་ཐེར་ལེགས་བཅོས་རྫུན་མ་བྱེད་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
       ཚོགས་འདུའི་ཐོག གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཐའ་ཐིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་འགོག་པ་དང་སེལ་ཐབས་མཐའ་གཅིག་ཏུ་བྱེད་པ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་འགན་ལེན་བྱེད་དགོས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། ནན་པོའི་རྨང་གཞི་དང་ནན་པོའི་བྱ་ཐབས། ནན་པོའི་རྣམ་པ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་པ། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་པ། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། རུལ་སུངས་ཐོན་སའི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོ་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་དང་། འགོ་ཁྲིད་ཚན་པ་འཛུགས་སྐྱོང་དང་། ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྐོར་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་བང་རིམ་གཏིང་ཟབ་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་གཏིང་ཟབ་བྱེད་པ། ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་འདུག
       ཚོགས་འདུའི་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་གནང་ཡོད།