ཟླ་3ཚེས་25ཉིན་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི་སློབ་འབྲིང་སློབ་མའི་འཐུས་མི་ཚོགས་པ་དང་ཧྲེན་ཀྲེན་ནན་ཧྲན་ཕྱི་རྒྱལ་སྐད་ཡིག་སློབ་གྲྭའི(ཚོགས་པ)མཐོ་རིམ་སློབ་འབྲིང་གི་སློབ་མ་ཚོས་ཧྲེན་ཀྲེན་གྱི་མཚོ་ཁུག་མདུན་མར་མཛའ་གྲོགས་ལྗོན་ཤིང་འཛུགས་བཞིན་པ།
ཟླ་3ཚེས་25ཉིན་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི་སློབ་འབྲིང་སློབ་མའི་འཐུས་མི་ཚོགས་པ་ཧྲེན་ཀྲེན་ནན་ཧྲན་ཕྱི་རྒྱལ་སྐད་ཡིག་སློབ་གྲྭའི(ཚོགས་པ)མཐོ་རིམ་སློབ་འབྲིང་དུ་བསྐྱོད་ནས་ཀྲུང་གོའི་སློབ་གྲྭའི་འཚོ་བ་ཉམས་ལེན་བྱེད་བཞིན་པ།
ཟླ་3ཚེས་28ཉིན། ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི་ཐཱ་ཁོ་མཱ་གྲོང་ཁྱེར་ལིན་ཁེན་སློབ་འབྲིང་གི་དགེ་སློབ་འཐུས་མིའི་ཉིན་11རིང་གི་ཀྲུང་གོར་འཚམས་འདྲི་བྱེད་མཇུག་འགྲིལ་ཏེ་ཕ་ཡུལ་དུ་ལོག གསར་འགོད་པ་འཕྲད་སྐབས། ཁོང་ཚོས་ལམ་ཐག་རིང་བའི་ངལ་དུབ་ལ་སྣང་བ་སྤུ་ཙམ་ཡང་མེད་པར་ཀྲུང་གོར་སྡོད་རིང་གི་མཐོང་ཐོས་མྱོང་གསུམ་གླེང་བཞིན་ཚང་མའི་ངོ་གདོང་ནས་དགའ་སྤྲོའི་རྣམ་པས་ཁེངས།
“དཔེ་དེབ་ཁྲི་ཕྲག་ཀློག་དགོས་ལ་ལེ་དབར་སྟོང་ལའང་སྐྱོད་དགོས”ཞེས་2015ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་སྐབས་ལིན་ཁེན་སློབ་འབྲིང་དུ་གནང་བའི་བཀའ་མོལ་འདིས་ཨ་རིའི་ན་གཞོན་ཚོར་ཀྲུང་གོར་མང་ཙམ་ལྟ་བར་ཡོང་རྒྱུའི་ལྕག་སྐུལ་གནང་། 2013ལོའི་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་ཕེབས་བསུའི་སྟོན་མོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་རྒྱ་ཆེར་གཏོང་ཆེད། ཀྲུང་གོས་མ་འོངས་ལོ་ལྔའི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་སློབ་སྦྱོང་ལ་གདན་ཞུ་བྱ་རྩིས་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།
ལིན་ཁེན་སློབ་འབྲིང་དང་ཝ་ཧྲིང་ཐོན་ཀྲོའུ་སི་ཐེ་ལ་ཁུང་སློབ་འབྲིང་གི་སློབ་མ་24པེ་ཅིང་དང་། ཧུའུ་པེའི་ཧྲེ་གཡན། ཀོང་ཏུང་གི་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་ས་ཆར་ལྟ་སྐོར་འཚམས་འདྲིར་ཞུགས་ནས་ཀྲུང་གོའི་སློབ་མ་ཚོ་དང་མཉམ་དུ་སློབ་ཚན་འཚོགས་པ་དང་། གླུ་ལེན་པ། རོལ་རྩེད་རྩེ་བ། ལྕགས་རི་རིང་པོར་འཛེགས་པ། ཕོ་བྲང་རྙིང་མ་སྐོར་བ། ཐའེ་ཅི་དྲག་རྩལ་སྦྱོང་བ། ཡིག་གཟུགས་སྦྱོང་བ་སོགས་བྱས་པ་རེད། ལམ་བར་དུ་ཕྲུ་གུ་ཚོས་ནང་དོན་ཕུན་སུམ་ཚོགས་ཤིང་བརྩེ་སེམས་རྣལ་མས་ཕྱུག་པའི་འཚམས་འདྲིའི་ཉིན་ཐོ་བྲིས་ནས་སོ་སོའི་མཐོང་ཐོས་མྱོང་གསུམ་ཇི་མ་ཇི་བཞིན་དང་། ཕྱོགས་གང་ས་ཅི་ཐད་ཀྱི་ཀྲུང་གོ་ཞིག་ཟིན་ཐོར་བཀོད་ཡོད།
ཀྲུང་གོར་སྡོད་རིང་གི་མྱོང་ཚོར། “ཧ་ཅང་སྐྱིད་པོ་འདུག”
ཟླ་3ཚེས་19ཉིན། གནམ་དྭངས། པེ་ཅིང་།
“ཕོ་བྲང་རྙིང་མ་ཧ་ཅང་ཆེན་པོ་འདུག ང་ཚོས་ལམ་ཐག་རིང་པོ་སྐྱོད་པ་ཡིན། མཛེས་པའི་སྲོལ་རྒྱུན་གྱི་རྒྱན་གོས་སྤྲས་པའི་བུ་མོ་མང་པོ་ཞིག་ལ་པར་བརྒྱབ་པ་ཡིན”
“ང་ཚོས་རྒྱ་ཁོག་བཟས་པ་ཡིན། འདི་ནི་ངས་རྒྱ་ཁོག་ཟ་ཐེངས་དང་པོ་ཡིན”
“རྒྱལ་སའི་ལུས་རྩལ་སློབ་གླིང་དུ་ངས་འབྲུག་རྩེད་རྩེད་པ་ཡིན། ཧ་ཅང་སྐྱིད་པོ་བྱུང་ལ་དགེ་རྒན་ཡང་བཟང་པོ་ཞིག་འཕྲད་བྱུང”
“བྱེའུ་ཚང་གི་རྩེ་ཐོག་ནས་མཛེས་ལྗོངས་ལ་བལྟས་པས་དངོས་གནས་ཉམས་དོད་པོ་འདུག”
ཟླ་3ཚེས་22ཉིན། གནམ་དྭངས། ཝུའུ་ཏང་རི་བོ།
“འདི་ནི་ངའི་འགྲུལ་བཞུད་ལམ་བར་གྱི་སྤྲོ་སྣང་ཆེ་ཤོས་ཤིག་ཡིན། ཧ་ཅང་སྐྱིད་པོ་བྱུང”
“གནའ་བོའི‘ཏའོ་ཅའོ་ཕོ་བྲང’འདི་ནི་དེ་འདྲའི་མཛེས་པ་ལ། གུས་ཞབས་ཀྱི་ཚུལ་དུ་ནང་ངོས་སུ་པར་བརྒྱབ་མེད། ཕྱི་རོལ་དུ་པར་མང་པོ་བརྒྱབ་པ་ཡིན”
“ང་ཚོས་ཀྱང་ཐའེ་ཅི་དྲག་རྩལ་སྦྱངས་པ་ཡིན། དེ་ནི་བལྟས་པ་ལྟར་གྱི་ལས་སླ་པོ་ཞིག་མི་འདུག”
གོང་གི་སྐད་ཆ་འདི་དག་ལིན་ཁེན་སློབ་འབྲིང་ལོ་རིམ་12པའི་སློབ་མ་མོང་ཐེ་སའེ་ལཱ་ཐེ·ལུའོ་མེ་ལུའོ-ལུའོ་ཁྲ་ཡི་ཉིན་ཐོ་རེད། མཛེས་ལྗོངས་དང་། ཞིམ་ཟས། ཉམས་ལེན་བྱས་པའི་ཀྲུང་གོའི་རིག་གནས་སོགས་ཀྲུང་གོར་སྡོད་རིང་ཁོ་མོའི་མཐོང་རྒྱ་ཆེ་རུ་སོང་ཡོད་པ་རེད།
ལུའོ་མེ་ལུའོ-ལུའོ་ཁྲ་ཡི་གྲོགས་མོ་སློབ་གྲྭ་གཅིག་པའི་ལོ་རིམ་11པའི་སློབ་མ་དབྱི་སའེ་ཡ·ལང་ཀྲུང་གོར་མ་ཡོང་གོང་། ལྕགས་རི་རིང་པོར་འཛེགས་པ་དང་། ཀྲུང་གོའི་སྲོལ་རྒྱུན་གྱི་རྒྱན་གོས་ཉོ་བ། ཀྲུང་གོའི་ལོ་རྒྱུས་རིག་གནས་ཉམས་ལེན་བྱེད་པ། ཀྲུང་གོའི་ཉམས་བཟང་མངོན་པའི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ། ཀྲུང་གོའི་ན་མཉམ་ཚོ་དང་སྤེལ་རེས་བྱེད་པ་སོགས་བསམ་འདུན་ཟིན་ཐོའི་སྟེང་དུ་བཀོད་ཡོད་པ་རེད།
1993ལོར། སྐབས་དེ་དུས་ཧྥུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་ཐཱ་ཁོ་མཱ་གྲོང་ཁྱེར་དུ་འཚམས་འདྲིར་ཕེབས་པ་མ་ཟད། ལིན་ཁེན་སློབ་འབྲིང་དུའང་གཟིགས་སྐོར་གནང་མྱོང་ཡོད།
དེ་ནས་སློབ་འབྲིང་འདི་ཀྲུང་གོ་དང་ལས་འཕྲོའི་མདུད་པ་ཐེབས་ཤིང་། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་ལིན་ཁེན་སློབ་འབྲིང་དུ་འཚམས་འདྲིར་ཕེབས་རྗེས་ཀྱི་ལོ་གཉིས་པར་དགེ་སློབ་ཁག་གཅིག་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་བ་རེད། བྱམས་བརྩེའི་མཇལ་འཕྲད་ནས་འཕྲིན་ཡིག་གཏོང་རེས་བར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་གྲྭ་དེའི་དགེ་སློབ་ཚོ་དང་སྤེལ་རེས་ཐེངས་མང་གནང་བས་སློབ་གྲྭར་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། གཞོན་ནུ་ཚོར་ཀྲུང་ཨའི་མཛའ་གྲོགས་ཆེད་དུ་མི་སེམས་འགུལ་བའི་ལང་ཚོའི་གཏམ་རྒྱུད་འབྲི་དགོས་པའི་ལྕག་སྐུལ་ཡང་གནང་ཡོད།
ད་ལོའི་ཟླ་2ཚེས་11ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ལིན་ཁེན་སློབ་འབྲིང་གི་དགེ་སློབ་ཚོར་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཤོག་བྱང་འཕྲིན་ལན་དུ་བསྐུར་གནང་སྟེ། ལུགས་རྙིང་འབྲུག་ལོའི་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་འབྲེལ་དགེ་སློབ་ཚོ་ཀྲུང་གོར་མང་ཙམ་ཡོང་རྒྱུའི་དགའ་བསུ་ཞུས་གནང་བ་རེད།
ངའི་སྐད་འཕྲིན་གྲོགས་བཟང་། “བློ་སེམས་མཐུན་པོ་ཡོད”
ལིན་ཁེན་སློབ་འབྲིང་གི་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བའི་འགྲུལ་བཞུད་ཀྱི་རུ་སྣེ་འཁྲིད་མཁན་དགེ་རྒན་ལིན་ཨེན·ཨའེ་སེན་ཧའོ་ཝེར་གྱིས“ཐེངས་འདིར་ཁྱེར་ཡོང་བའི་རྩ་ཆེ་ཤོས་ནི་གྲོགས་པོའི་ལ་རྒྱ་ཡིན། ང་ཚོ་ཚང་མའི་སྐད་འཕྲིན་གྱི་གྲོགས་བཟང་དེ་མ་ཐོན་གོང་ལས་མང་དུ་སོང་འདུག དེ་རིང་ཞོགས་པ་ངའི་སྐད་འཕྲིན་ལ་བརྡ་འཕྲིན་གསར་པ་92འབྱོར་འདུག”ཅེས་བཤད།
“ཟླ་3ཚེས་20ཉིན། གནམ་དྭངས། ཕྱི་དྲོའི་ཆུ་ཚོད་1:21 འགྲུལ་སྐྱེལ་རླངས་འཁོར་ཐོག ངས་པེ་ཅིང་སློབ་ཆེན་གྱི་བུ་མོ་ཞིག་ངོ་ཤེས་བྱུང་། ཁོ་མོ་ལོ་21རེད། རྩོམ་རིག་དང་ལོ་རྒྱུས་ཆེད་ལས་ཡིན་ཞིང་། མི་ཧ་ཅང་བཟང་པོ་འདུག ངས་ཁོ་མོའི་སྐད་འཕྲིན་བླངས་པ་མ་ཟད་ཁོ་མོ་དང་པར་ཡང་བརྒྱབ་པ་ཡིན། མི་ཚང་མ་ཧ་ཅང་འདྲིས་བདེ་པོ་འདུག་པས་སེམས་པ་དྲོ་སོབ་སོབ་བྱུང” “མི་ཚང་མ་དེ་འདྲའི་གཤིབ་བདེ་བ་ལ། ངས་ཐ་ན་ཁོང་ཚོ་གཤིབ་བདེ་པོ་དེ་འདྲ་ཡོད་པ་སྐད་ཆའི་ཐོག་ནས་བཤད་ཤེས་མ་སོང་། ང་འདི་གར་དགའ་པོ་འདུག ཁོ་ཚོ་སེམས་རྩ་འཁོལ་པོ་འདུག་པས་སོ་སོའི་ཁྱིམ་ལ་སླེབས་པ་ལྟ་བུའི་སྣང་བ་བྱུང”ཞེས་ལིན་ཁེན་སློབ་འབྲིང་མཉམ་གཞས་ཚོགས་པའི་ཁོངས་མི་ཅེ་ཞི·ཅེ་ཧྥེ་ཤུན་གྱིས་ཉིན་ཐོར་བྲིས་ཡོད་པ་དང་། ཁོ་མོར་ཀྲུང་གོའི་གྲོགས་པོ་གྲོགས་མོས་བག་ཆགས་བཟང་པོ་བཞག་ཡོད།
ལང་གིས“ད་ཐེངས་ཡུལ་སྐོར་གྱི་དོན་སྙིང་སྐོར་ལ་ང་རང་ངོས་ནས་བརྗོད་ན་གྲོགས་པོ་གསར་པ་སྒྲིག་པའི་གོ་སྐབས་བྱུང་བ་དེ་རེད”ཀྲུང་གོ་ནས་གྲོགས་པོ་སྒྲིག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། གཞོན་ནུ་ལོ་ཆུང་དབར་ཕན་ཚུན་སྤེལ་རེས་དང་འབྲེལ་བ་བྱེད་པ་བརྒྱུད་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསར་འགོད་པར་བཤད།
2023ལོར་ལིན་ཁེན་སློབ་འབྲིང་གི་སློབ་མ་ཚུད་པའི་ཝ་ཧྲིང་ཐོན་ཀྲོའུ་ཡི“ཨ་ཀྲུང་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས”དང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང“ཀྲུང་ཨའི་གཞོན་ནུ་དེ་བས་མང་པོ་ཕན་ཚུན་ངོ་ཤེས་དང་གྲོགས་པོ་བསྒྲིགས་ནས་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཕོ་ཉ་རབས་གསར་པར་གྱུར་ནས། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་དང་རྒྱུན་མཐུད་ལ་སྒུལ་ཤུགས་སྣོན་པའི་རེ་བ་ཡོད”ཅེས་ཐུགས་རེ་གནང་བ་རེད།
ང་དང་ཀྲུང་གོའི་ལས་འཕྲོ་ལས། “ཚེ་གང་ལ་འགྱུར་ལྡོག་བྱུང”
ཟླ་3ཚེས་18ཉིན《རེ་བས་ཁེངས་པའི་ཞིང་ཁ》ཞེས་པའི་སྙན་འཇེབས་ཀྱི་གླུ་གཞས་ཆིང་ཧྭ་སློབ་ཆེན་ཞོར་གཏོགས་སློབ་འབྲིང་ནས་ལྷང་ལྷང་དུ་གྲགས་ཤིང་། ལིན་ཁེན་སློབ་འབྲིང་དང་སི་ཐེ་ལ་ཁུང་སློབ་འབྲིང་གི་སློབ་མ་ཚོས་སྤྲོ་སྣང་དང་བརྩེ་སེམས་ཀྱིས་ཕྱུག་པའི་རྒྱ་གཞས་འདི་ཀྲུང་གོའི་གྲོགས་པོ་ཚོར་ལག་རྟགས་ཀྱི་ཚབ་ཏུ་ཕུལ་བར་དགའ་བསུ་ཆེན་པོ་ཐོབ་ཡོད།
2015ལོའི་ཟླ་9ཚེས་23ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིན་ཁེན་སློབ་འབྲིང་དུ་འཚམས་འདྲི་གནང་ཞིང་། ལིན་ཁེན་སློབ་འབྲིང་གི་མཉམ་གཞས་ཚོགས་པའི་སློབ་མ་དང་ཧྥུའུ་ཀྲོའུ་སློབ་གསོ་སློབ་གླིང་ཞོར་གཏོགས་སློབ་འབྲིང་གི་སློབ་མས《རེ་བས་ཁེངས་པའི་ཞིང་ཁ》ཞེས་པ་མཉམ་དུ་བཏང་སྟེ། སྙན་ཞིང་འཇེབས་པའི་གླུ་དབྱངས་དང་རྒྱལ་ཁབ་གཉིས་པོའི་ན་གཞོན་གྱི་མཛའ་གྲོགས་ལ་དེ་གར་ཡོད་པའི་མི་ཚང་མའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
གཞས་དེ་ལོ་9ཡི་རིང་ལིན་ཁེན་སློབ་འབྲིང་དུ་རྒྱུན་དུ་གཏོང་གི་ཡོད་ཅིང་། གཞས་དེ་བརྒྱུད་ནས་ཨ་རིའི་སློབ་མ་མང་པོ་ཞིག་གིས་ཀྲུང་གོར་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད། “གླུ་གཞས་དེ་གཏོང་རིམ་བཞིན་རང་ཉིད་ཀྲུང་གོ་མི་དམངས་དང་ཐག་ཉེ་པོ་ཡོད་པའི་སྣང་བ་སྟེར་གྱི་འདུག” ལུའོ་མེ་ལུའོ-ལུའོ་ཁྲ་ཡིས་ཉིན་ཐོའི་ནང་རོལ་དབྱངས་ཀྱིས་སྐད་ཡིག་གི་འགོག་རྐྱེན་བསལ་ནས་མི་དང་མིའི་དབར་གྱི་བར་ཐག་ཉེ་རུ་གཏོང་ཐུབ་ཅེས་བྲིས་ཡོད།
ལིན་ཁེན་སློབ་འབྲིང་གི་སློབ་སྤྱི་ཧོ་སའེ་སི་ཡིས“ཀྲུང་གོར་འགྲོ་བའི་གོ་སྐབས་བྱུང་སོང་། ཀྲུང་གོ་ནི་ལོ་ངོ་སྟོང་ཕྲག་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། གོ་སྐབས་སྣ་ཚོགས་ཡོད་སྲིད་པའི་རྒྱལ་ཁབ་ཅིག་ཀྱང་ཡིན་པས། མི་ཚེར་འགྱུར་ལྡོག་གཏོང་བའི་རྩ་ཆེའི་ཉམས་མྱོང་ཞིག་ཡིན་ངེས་རེད”ཅེས་བཤད།
ཨའེ་སེན་ཧའོ་ཝེར་གྱིས་ཝ་ཧྲིང་ཐོན་ཀྲོའུ་རུ་དགེ་རྒན་བྱས་ནས་ལོ་45སོང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ས་གནས་དེ་གའི་མི་དམངས་དབར་གྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལ་དཔང་པོ་བྱེད་ཐུབ། ཁོང་གིས“ཁོང(ཀྲུའུ་ཞི་ཞི་ཅིན་ཕིང)གིས་ང་ཚོར་ལྷག་བསམ་ཟོལ་མེད་ངང་ཐུགས་ཁུར་གནང་གི་ཡོད་པ་ང་ཚོས་ཚོར་གྱི་འདུག་ལ་ང་ཚོས་ཀྱང་བསམ་པ་རྣམ་དག་གིས་ཁོང་ལ་སེམས་ཁུར་བྱེད་ཀྱི་ཡོད”ཅེས་བཤད།
ལོ་33གོང་ཧོ་སའེ་སི་ཀྲུང་གོར་ཐེངས་དང་པོར་ཡོང་སྐབས། སློབ་ཆེན་སློབ་མ་ཞིག་གི་ངོས་ནས་ཀྲུང་གོར་ཨ་རིའི་ལུགས་ཀྱི་སྐྱུ་རུའི་སྤོ་ལོའི་འཁྲབ་སྟོན་འགྲན་བསྡུར་ནང་ཞུགས་པ་རེད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིན་ཁེན་སློབ་འབྲིང་དུ་སློབ་མ་ཚོའི་སྐྱུ་རུའི་སྤོ་ལོའི་སྦྱོང་བརྡར་སློབ་ཚན་ལ་གཟིགས་པ་མ་ཟད། སྦྱོང་བརྡར་སློབ་ཚན་གྲོལ་རྗེས་སློབ་མ་ཚོས་ཕུལ་བའི་སྐྱུ་རུའི་སྤོ་ལོ་དང་སྐྱུ་རུའི་སྤོ་ལོའི་གྱོན་ཆས་བཞེས་པ་རེད། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཧོ་སའེ་སིས་ཐུགས་འཕྲད་དེའི་སྐོར་གླེང་ཞིང་དེ་ཐོག་ནས་ལུས་རྩལ་ཡང་ཀྲུང་ཨའི་མི་དམངས་དབར་གྱི“གཅིག་མཐུན་སྐད་ཡིག”དང་མཛའ་གྲོགས་ཀྱི་འབྲེལ་ཐག་ཅིག་ཡིན་པ་མཚོན་གྱི་ཡོད་པའི་ངོས་འཛིན་བྱས་པ་རེད།