ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

སྤེལ་དུས 2024-04-02 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ངེས་པར་དུ་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་དགོས》ཞེས་པ་བཀོད་ཡོད། འདི་ནི་2012ལོའི་ཟླ་11པ་ནས་2023ལོའི་ཟླ་12པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བསྡུས་བྱས་པ་ཞིག་རེད།
  རྩོམ་ཡིག་ནང་ནན་བཤད་བྱས་དོན། མི་དམངས་ནི་ལོ་རྒྱུས་གསར་གཏོད་མཁན་དང་། མི་དམངས་ནི་དཔའ་བོ་ངོ་མ་ཡིན། རང་རེའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་མཁན་བཅས་ཡིན་ཞིང་། ཏང་གི་རྨང་གཞི་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཀྱི་ཁྲོད་དུ་ཡོད། མི་དམངས་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་གདིང་ཤུགས་ཆེ་ཤོས་དང་། ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ། རང་རེའི་ཏང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་རྩ་བ་གནས་ས་བཅས་རེད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་རྒྱུ་དེ་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་རྩ་བའི་སྒུལ་ཤུགས་རེད།
  རྩོམ་ཡིག་ནང་བསྟན་དོན། རྒྱལ་སྲིད་ནི་མི་དམངས་དང་། མི་དམངས་ནི་རྒྱལ་སྲིད་ཡིན་ཞིང་། རྒྱལ་སྲིད་བླངས་པ་དང་རྒྱལ་སྲིད་བསྲུངས་པ་ནི་དོན་དུ་མི་དམངས་ཀྱི་བསམ་འདུན་སྲུང་བ་དེ་རེད། མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དང་སྲིད་ཏང་གཞན་དག་དབར་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་རེད། མི་དམངས་ཀྱི་ཁེ་ཕན་ཕུད་ཏང་ལ་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་མེད་ཅིང་། ཏང་གི་ལས་དོན་མཐའ་དག་ནི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བར་བྱ་ཆེད་རེད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་དང་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག མི་དམངས་མང་ཚོགས་དང་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་མི་དམངས་དང་གཅིག་སེམས་གཅིག་གཏད། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མི་དམངས་ཀྱི་མངགས་བཅོལ་དོན་གཉེར་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་དོན་དངོས་ལ་འགྱུར་བར་བྱེད་དགོས།
  རྩོམ་ཡིག་ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཤིག་རེད། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཞུགས་པ་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་སྤྱོད་པ་བཅས་མཐའ་འཁྱོངས་ཀྱིས་མི་དམངས་ཡོངས་ལ་དམ་པོར་བརྟེན་ནས་ཕྱར་བ་གྲུ་འདེགས་དང་བྱ་གཞག་ཆེན་པོ་མཉམ་དུ་སྒྲུབ་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པ་བཅས་བྱས་ཏེ་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བའི་ཐད་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་ཡོང་བ་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མཐུན་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།