ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་གསར་དུ་བདམས་པའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་གནང་བ།

སྤེལ་དུས 2024-04-03 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

འདི་ནི་ཟླ་4ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧིན་རྡུ་ཉི་ཞི་ཡའི་གསར་དུ་བདམས་པའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་གནང་བཞིན་པ།
            ཟླ་4ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧིན་རྡུ་ཉི་ཞི་ཡའི་གསར་དུ་བདམས་པའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་གྲོས་མོལ་གནང་བ་རེད།
            ཞི་ཅིན་ཕིང་གིས་ཕུའུ་ལཱ་པོ་ཝོ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཙུང་ཐུང་ཙུའོ་ཁོ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས། ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་10ཡི་ནང་། ང་དང་ཙུང་ཐུང་ཙུའོ་ཁོ་ཡིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་ཁྲིད་སྟོན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཅ་དབན་མྱུར་བགྲོད་ལྕགས་ལམ་རྒྱལ་ཁབ་གཉིས་པོའི་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་མིང་བྱང་གལ་ཆེན་དེར་གྱུར་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི་དུས་མཚམས་གསར་པར་སླེབས་ཡོད།
            ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་ཏེ་ཧིན་རྡུ་ཉི་ཞི་ཡ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་རྩ་ཆེའི་གྲུབ་འབྲས་ཐོབ་པའི་འགག་རྩ་ནི་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་དང་། ཕན་ཚུན་ཡིད་ཆེས་དང་རོགས་རེས་མཐའ་འཁྱོངས། མཉམ་ལས་གཉིས་ཕན་མཐའ་འཁྱོངས། དྲང་གཞག་དྲང་བདེན་མཐའ་འཁྱོངས་བཅས་ལ་ཐུག་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་འཐུས་ཚབ་ཅིག་རེད། སྔོན་ཆད་རྒྱལ་ཁབ་གཉིས་པོས་མི་རིགས་རང་བཙན་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་བརྩོན་ལེན་བྱེད་པའི་ཁྲོད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད་ལ། སླད་ཕྱིན་ཡང་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་མིག་དཔེ་དང་། ཐུན་མོང་འཕེལ་རྒྱས་ཀྱི་མ་དཔེ། ལྷོ་ལྷོ་མཉམ་ལས་ཀྱི་གདོང་ལེན་པ་བཅས་བྱེད་དགོས་ངེས་རེད། ཕྱོགས་གཉིས་པོས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཕན་ཚུན་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། “རྒྱལ་ཁབ་གཉིས་པོའི་གླིང་གཉིས”དང“ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མཚོ་ཐོག་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུལ་པོ་ཉུང་གཏོང་དང་དབུལ་སྒྲོལ་ཁྱབ་ཁོངས་སུ་ཧིན་རྡུ་ཉི་ཞི་ཡ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། ཕྱོགས་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལག་ལེན་ཧུར་ཐག་བསྟར་ནས་མཐུན་སྒྲིལ་དང་། མཛའ་གྲོགས། མཉམ་ལས་བཅས་ཀྱི་དབན་ལུང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་ལྟེ་བའི་གནས་བབ་སྲུང་སྐྱོང་དང་སྒོ་དབྱེ་བསྟུན་མཁས་ཀྱི་ས་ཁུལ་སྒྲོམ་གཞི་སྲུང་སྐྱོང་བྱས་ཏེ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
            ཕུའུ་ལཱ་པོ་ཝོ་ཡིས་ཙུང་ཐུང་ཙུའོ་ཁོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་ཀྲུང་གོ་འདི་ཉིད་རང་ཉིད་ཙུང་ཐུང་ལ་བདམས་རྗེས་ཀྱི་འཚམས་འདྲིའི་རྒྱལ་ཁབ་དང་པོར་འགྱུར་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་ཧིན་རྡུ་ཉི་ཞི་ཡ་དང་སྔ་ཕྱི་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ངས་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ནི་ཧིན་རྡུ་ཉི་ཞི་ཡའི་སྟོབས་ལྡན་གྱི་མཉམ་ལས་རོགས་ཟླ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། ངས་དེ་བས་དམ་ཟབ་ཀྱི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞིང་། ཙུང་ཐུང་ཙོ་ཁོ་ཡིས་ཀྲུང་གོར་འཛིན་པའི་མཛའ་གྲོགས་སྲིད་ཇུས་རྒྱུན་མཐུད་དང་། རང་བཙན་རང་བདག་མཐའ་འཁྱོངས། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་ཀྲུང་གོ་གཅིག་གི་སྲིད་ཇུས་དམ་སྲུང་བཅས་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གསར་པས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དཔལ་འབྱོར་ཚོང་དོན་དང་དབུལ་སྒྲོལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད། རྒྱལ་སྤྱིའི་ལས་དོན་དང་ལྷག་པར་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དྲང་གཞག་དྲང་བདེན་གྱི་གཙོ་འགན་འཁུར་བར་ངས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྷོ་ལྷོ་མཉམ་ལས་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
            ཝང་དབྱི་གྲོས་མོལ་ལ་ཞུགས་པ་རེད།