ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཆང་གིས་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་ལ་ཐུག་འཕྲད་གནང་བ།

སྤེལ་དུས 2024-04-09 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ4པའི་ཚེས7ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་ལ་ཐུག་འཕྲད་གནང་བ་རེད།

ཟླ4པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལུན་ལ་ཐུག་འཕྲད་གནང་།
            ལི་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག མིག་སྔར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་བརྟན་འཇགས་ཀྱི་རྣམ་པ་མངོན་ཡོད། ཉེ་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པའེ་ཏིན་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀ་གྲོས་མོལ་ལ་ཤུགས་སྣོན་དང་འགལ་བ་དོ་དམ་ཚོད་འཛིན། མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་བརྟན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཐད་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་གྲོགས་པོ་བྱེད་པ་ལས་འགྲན་ཡ་མི་བྱེད་པར། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་རྒྱལ་བཅས་བྱེད་འདོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འགུལ་སྐྱོད་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་མུ་མཐུད་དུ་དོན་འཁྱོལ་བཟང་བོ་བྱས་ནས་ཅིའུ་ཅིན་ཧྲན་གྱི་འདོན་བློ་དེ་མངོན་འགྱུར་བྱེད་རྒྱུའི་རེ་བ་ཡོད།
            ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀ་འཛམ་གླིང་གི་ཆེས་ཆེ་བའི་དཔལ་འབྱོར་ཚོགས་པ་གཉིས་ཡིན་པའི་ཆ་ནས། དཔལ་འབྱོར་ཁེ་ཕན་མཉམ་འདྲེས་ཟབ་མོ་བྱས་ཡོད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ་ཕྱོགས་གཉིས་ཀའི་རང་སྟེང་གི་འཕེལ་རྒྱས་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀས་གྲོས་མོལ་ལ་ཤུགས་བསྣན་ནས་འགལ་བ་དོ་དམ་ཚོད་འཛིན་དང་འགལ་བ་ཐག་གཅོད་ཀྱི་བྱེད་ཐབས་མཉམ་དུ་འཚོལ་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྟན་འཇགས་དང་བདེ་བླག ནུས་མཐོ་བཅས་ཡོང་བར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་མི་དམངས་ལ་ཕན་འབྲས་སྔར་ལས་མང་པོ་བསྐྲུན་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཐད་ལའང་བྱས་རྗེས་འབུལ་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འདྲ་མཉམ་འགྲན་རྩོད་དང་སྒོ་འབྱེད་མཉམ་ལས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་ཉོ་ཚོང་གནད་དོན་དེ་ཆབ་སྲིད་ཅན་དང་བདེ་འཇགས་ཅན་དུ་མི་བསྒྱུར་བར་ཁྲོམ་རའི་མིག་རྒྱ་དང་འཛམ་གླིང་གི་མཐོང་རྒྱར་བརྟེན་ནས་དཔལ་འབྱོར་ཆོས་ཉིད་ནས་མགོ་རྩོམ་པ་དང་། ལུགས་མཐུན་དང་རྩོད་སྒྲུབ་ཀྱི་སྒོ་ནས་ཐོན་ནུས་གནད་དོན་ལ་ལྟ་སྟངས་འཛིན་རྒྱུའི་རེ་བ་བཅངས་ཡོད།    ཀྲུང་གོའི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱིས་འཛམ་གླིང་ཡོངས་ཀྱི་ལྷད་མེད་ཐཱན་ཉུང་ཚུལ་སྒྱུར་ཐད་བྱས་རྗེས་གལ་ཆེན་འབུལ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གནད་དོན་ཐད་ཀྱི་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཛམ་གླིང་ཧྲིལ་བོའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།
            ཡེ་ལུན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་འཐབ་འོག་ཏུ། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་བརྟན་འཇགས་སུ་གྱུར་ཡོད། འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་དཔལ་འབྱོར་ཚོགས་པ་གཉིས་ཡིན་པའི་ཆ་ནས། ཨ་མེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་འགན་ཁུར་བའི་སྒོ་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་བར་དོ་དམ་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་གྲོས་མོལ་མཉམ་ལས་ཐད་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འབྲེལ་ཐག་མི་གཅོད་པར་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཅིའུ་ཅིན་ཧྲན་དུ་གྲོས་མོལ་བྱས་ཏེ་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་།  ཟོལ་མེད་ཀྱིས་མཐུན་སྦྱོར་བྱེད་པ་དང་གོ་ནོར་མི་ཡོང་བར་བྱེད་པ། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འགལ་བར་ལུགས་མཐུན་གྱིས་དོ་དམ་ཚོད་འཛིན་བྱེད་པ་བཅས་བྱས་ནས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། རིག་གྲོལ།