ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཤིས་སྨི་ནཱ་དང་གྲོས་མོལ་གནང་བ།

སྤེལ་དུས 2024-04-11 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཟླ་4ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཤིས་སྨི་ནཱ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཤིས་སྨི་ནཱ་དང་སྐུ་ཟླ་ཨན་སའེ་ལི་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
  ཟླ་4ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཤིས་སྨི་ནཱ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོ་ཕྱིའི་ཐང་ཆེན་དུ་ཤིས་སྨི་ནཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
  ཟླ་4ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཤིས་སྨི་ནཱ་དང་གྲོས་མོལ་གནང་བ་རེད།
  ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་སྨི་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་ཞིག་རེད། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཛའ་མཐུན་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་བྱས་པར་བརྟེན་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཟབ་ཏུ་ཕྱིན་ཡོད། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོང་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། དཔལ་འབྱོར་དར་རྒྱས་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བར་འགོ་འཛུགས་ས་གསར་པར་བྱས་ཏེ། རིམ་པ་ཁག་དབར་སྤེལ་རེས་དང་གླེང་མོལ་རྒྱུན་འཁྱོངས་དང་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་སྨིའི་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆབ་སྲིད་ཀྱི་ངེས་གནས་བརྟན་སྲུང་དང་། གཉིས་ཕན་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་། འཕྲོད་བསྟེན། སློབ་གསོ། ས་གནས་སོགས་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཀྲུང་གོའི་ས་གནས་ཀྱི“སྨན་པ་གླིང་ཕྲན་དུ་སྐྱོད་པ”དང“མཚོ་རྒྱུད་དུ་ཟློས་གར་འཁྲབ་སྟོན”སོགས་རྣམ་གྲངས་ལ་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་དམངས་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་པས་ཕྱོགས་གཉིས་པོས་དེ་དང་འདྲ་བའི་རྣམ་གྲངས་དེ་བས་མང་བ་སྤེལ་ཆོག ཀྲུང་གོ་ཕྱོགས་ཀྱིས་ལྷོ་ལྷོ་མཉམ་ལས་སྒྲོམ་གཞིའི་ནང་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རོགས་སྐྱོར་མཁོ་འདོན་དང་ནུས་པ་འཛུགས་སྐྱོང་གི་གསོ་སྦྱོང་བྱེད་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་ལག་ལེན་བསྟར་ཏེ་གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱེད་དགོས།
  ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་ཡུན་རིང་གི་འགྲོ་འོང་ལོ་རྒྱུས་ལྡན་ལ། མི་དམངས་དབར་མཛའ་གྲོགས་ཀྱིས་ཕྱུག་པ་དང་། དེ་བཞིན་ཐུན་མོང་གི་འཕེལ་རྒྱས་དགོས་མཁོ་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ལྷོ་ལྷོ་མཉམ་ལས་སྒྲོམ་གཞིའི་ནང་ཕན་ཚུན་རོགས་རམ་བྱེད་པ་ཞིག་ཡིན་པས་ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། ཕྱོགས་གསུམ་པའི་འགོག་རྐྱེན་དེ་བས་ཀྱང་ཕོག་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་འབྲེལ་བ་འཕེལ་རྒྱས་གཏོང་སྐབས། གླིང་ཕྲན་རྒྱལ་ཁབ་ཀྱི་རང་བདག་མཐའ་འཁྱོངས་དང་། འཕེལ་རྒྱས་སྔོན་ལ་འཇོག་པ་མཐའ་འཁྱོངས། སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བཅས་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། གླིང་ཕྲན་རྒྱལ་ཁབ་ལ་རང་ངོས་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འདེམས་དབང་ཡོད་ལ། འཕེལ་རྒྱས་ཀྱི་རོགས་ཟླ་ཚང་མ་དང་མཛའ་གྲོགས་མཉམ་ལས་བྱེད་པའི་དབང་ཆ་ཡང་ཡོད། ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་བྱས་ནས་ཕྱོགས་གསུམ་མམ་ཡང་ན་ཕྱོགས་མང་མཉམ་ལས་བྱེད་འདོད་ཡོད།
  ཤིས་སྨི་ནཱ་ཡིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་སོགས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱས་པར་བརྟེན་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་མ་ཟད། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་འབའ་ཞིག་ཡིན་པ་དང་། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། ཐའེ་དབན་དང་། ཤང་ཀང་། ཤིན་ཅང་། བོད་སོགས་འབྲེལ་བའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྲུང་གོའི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བར་རོགས་རམ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཞིང་ལས་དང་། ཉ་ལས། དཔལ་འབྱོར་ཚོང་དོན། མ་འཇོག ཡུལ་སྐོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ས་ཁུལ་དང་མཉམ་ལས་བྱེད་པ་དེས་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་འདོགས་ཡོད་པས། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱིས་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་བརྗོད།
  གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ལྗང་མདོག་འཕེལ་རྒྱས། ཞིང་ལས། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད། འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
  ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་རྒྱུ་ཡིན་པ་རེད།
  གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོ་ཕྱིའི་ཐང་ཆེན་དུ་ཤིས་སྨི་ནཱ་དང་སྐུ་ཟླ་ཨན་སའེ་ལི་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།