ཟླ་4ཚེས་10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་མཱ་དབྱིང་ཅིའུ་བཅས་པར་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་མཱ་དབྱིང་ཅིའུ་བཅས་པར་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་པས་ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་མི་རིགས་རླབས་པོ་ཆེ་ཞིག་ཡིན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་། འོད་སྟོང་འཕྲོ་བ། འཛམ་གླིང་ཐོག་འགྲན་ཟླ་བྲལ་བ་བཅས་ཀྱི་ཀྲུང་ཧྭའི་ཤེས་དཔལ་བཏོད་ཡོད་པས། ཀྲུང་ཧྭའི་བུ་ཕྲུག་ཚང་མས་དེའི་ཐད་སྤོབས་པ་སྐྱེ་འོས་པ་དང་གཟི་བརྗིད་ལྡན་དགོས་པ་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་ལོ་རྒྱུས་ཡུན་རིང་ཁྲོད་དུས་རབས་རིམ་བྱུང་གི་མེས་པོ་རྣམས་ཐའེ་དབན་དུ་གནས་སྤོས་པ་དང་དེ་གར་འཚོ་གནས་བྱས་པ་བཀོད་ཡོད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་ཕྱི་ཕྱོགས་ཀྱི་བརྙས་བཅོས་བཀག་འགོག་དང་ཐའེ་དབན་སླར་གསོ་བྱས་པ་བཀོད་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་བསྐྱོད་མྱོང་བའི་ལམ་བུའི་ཐོག་མཚོ་འགག་ངོགས་གཉིས་ཀྱི་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་བཀོད་པ་དང་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཁྲག་རྒྱུན་འབྲེལ་བ་ལྟར་གྱི་ལོ་རྒྱུས་ཀྱི་དོན་དངོས་བཀོད་ཡོད།
ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པས། སེལ་མི་ཐུབ་པའི་གཅོང་ནད་མེད་ལ། གྲོས་བསྡུར་བྱེད་མི་ཐུབ་པའི་གནད་དོན་མེད། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ང་ཚོ་ཁ་ཕྲལ་དུ་གཏོང་མི་ཐུབ། མཚོ་འགག་གི་བར་ཐག་གིས་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་ཤ་རུས་འདྲེས་པ་ལྟར་གྱི་བརྩེ་དུང་འགོག་མི་ཐུབ་ལ། ལམ་ལུགས་མི་འདྲ་བས་ངོགས་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་གཏོགས་པའི་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ། ཕྱི་ཕྱོགས་ཀྱི་ཐེ་ཇུས་ཀྱིས་ཁྱིམ་ཚང་དང་རྒྱལ་ཁབ་མཉམ་འཛོམས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོར་བཀག་འགོག་བྱེད་མི་ཐུབ། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ད་བར་བསྐྱོད་མྱོང་བའི་ལམ་བུར་ཐོག་མཐའ་བར་གསུམ་དུ་གཅིག་རྒྱུན་གཅིག་འཛིན་དང་། བསམ་སྦྱོར་གཅིག་མཐུན། ཕན་ཚུན་ལྟ་སྐྱོང་བཅས་བྱེད་བཞིན་ཡོད།
གཞོན་ནུ་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན། ངོགས་གཉིས་ཀྱི་གཞོན་ནུ་བཟང་ན་ངོགས་གཉིས་ཀྱི་འབྱུང་འགྱུར་གཞི་ནས་བཟང་ངེས་རེད། ངོགས་གཉིས་ཀྱི་གཞོན་ནུ་རྣམས་ཀྲུང་གོ་བ་བྱེད་པའི་བློ་སྟོབས་དང་། སྙིང་སྟོབས། གདིང་ཤུགས་བཅས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་སྐྱིད་ཐུན་མོང་ཐོག་གཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་མུ་མཐུད་རྩོམ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངོགས་གཉིས་ཀྱི་སྤུན་ཟླ་ཚོར་ཐུན་མོང་གི་ཁྲག་རྒྱུན་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་པ་དང་དེ་བས་གལ་འགངས་ཆེ་བ་ཞིག་ནི་ང་ཚོར་མི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་དང་འབྱུང་འགྱུར་ལ་ཐུན་མོང་གི་རེ་སྒུག་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ངོགས་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱེད་དགོས།
དང་པོ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་བརྟན་པོར་སྲུང་དགོས་ཤིང་། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་འགྱུར་ལྡོག་དང་དཀའ་སྡུག་ཚད་མེད་འཕྲད་ཀྱང་མི་ནུབ་རྒྱུན་མཐུད་ཐུབ་པའི་འགག་རྩ་ནི་ཀྲུང་ཧྭ་མི་རིགས་ལ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་མངའ་ཁོངས་དབྱེ་མི་རུང་བ་དང་། རྒྱལ་ཁབ་ཟང་ཟིང་དུ་གཏོང་མི་རུང་བ། མི་རིགས་ཁ་ཐོར་དུ་གཏོང་མི་རུང་བ། ཤེས་དཔལ་མཚམས་ཆད་མི་རུང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་ཡོད་པས་རེད། སྟོབས་ལྡན་དང་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ལས་དབང་ལ་ཐུག་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚོས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་དང་ཞི་བའི་གཅིག་གྱུར་ཡོང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་དོན་གཉེར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས།
ངོགས་གཉིས་ཀྱི་སྤུན་ཟླ་ཚང་མས་ཁྱིམ་གཞིས་ཞི་བདེ་ལྷིང་འཇགས་དང་ནང་མི་འཆམ་མཐུན་མཉམ་གནས་ཡོང་རེ་བྱེད་ཀྱི་ཡོད་པས། ངེས་པར་དུ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འགག་རྩ་ནི་ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་། སྲོག་ཤིང་ནི་ངོགས་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཁོངས་སུ་གཏོགས་པའི་གཞི་རྩའི་དོན་དངོས་ལ་ཐུན་མོང་གི་ངོས་འཛིན་དགོས་པ་དེ་རེད། རྒྱལ་ཁབ་ཁ་ཕྲལ་དུ་མི་གཏོང་བ་དང་ངོགས་གཉིས་ཚང་མ་ཀྲུང་གོ་བ་དང་ཁྱིམ་ཚང་གཅིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་འཕྲལ་ངོགས་གཉིས་ཀྱི་སྤུན་ཟླ་ཚོ་མཉམ་དུ་ཁྱིམ་ཚང་གཅིག་གི་དོན་དག་སྔོན་ལ་འབྲེལ་གཏུག་སྤེལ་རེས་བྱས་ཏེ་རྒྱུས་མངའ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་སེལ་བ། ངོས་འཛིན་གཅིག་མཐུན་ཡོང་ཐབས་བཅས་བྱེད་ཐུབ།
གཉིས་པ། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་རྩ་བློ་བརྟན་འགྱུར་མེད་ངང་མཉམ་དུ་གཏོད་དགོས་ཤིང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་བདེ་སྐྱིད་དོན་གཉེར་བྱ་རྒྱུ་ནི་ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་མཉམ་དུ་གཏོད་རྒྱུ་ནི་བརྗིད་རླབས་ཆེ་བའི་དམིགས་ཡུལ་ཞིག་དང་བབ་ཆགས་ཤིག་ཡིན། མཐར་གཏུགས་ནས་བཤད་ན་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱས་ཏེ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་གོ་བ་ཡོངས་འཚོ་བ་དེ་ལས་ཡག་པ་སྐྱེལ་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། སྐམ་ས་ཆེ་མོའི་སྤུན་ཟླ་དུང་ཕྱུར་14ལྷག་ཙམ་གྱི་སྣེ་ཁྲིད་དེ་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་ནུས་པ་ང་ཚོར་ཡོད་ལ། སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ་པའི་ནུས་པ་ཡང་རྦད་དེ་ཡོད།
ང་ཚོས་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་བའི་བདེ་སྐྱིད་ལ་བསམ་བློ་བཏང་ནས། སྤུན་ཟླ་ཐའེ་དབན་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་སྔོན་ལ་མཉམ་སྤྱོད་དང་། མེས་རྒྱལ་སྐམ་ས་ཆེ་མོའི་འཕེལ་རྒྱས་ཡར་ཐོན་གྱི་གྲུབ་འབྲས་ཐོག་མཐའ་བར་གསུམ་དུ་མཉམ་སྤྱོད། སྤུན་ཟླ་ཐའེ་དབན་བའི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་ཐག་གཅོད་བྱེད་པ་བཅས་ཧུར་ཐག་བྱས་ཏེ་སྤུན་ཟླ་ཐའེ་དབན་བར་ཁེ་ཕན་དེ་བས་མང་བ་དང་། བདེ་སྐྱིད་དེ་བས་ཆེ་བ། འབྱུང་འགྱུར་དེ་བས་ལེགས་པ་བཅས་ཡོང་བར་བྱེད་དགོས།
གསུམ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་གཅིག་ཏུ་བརྟན་པོ་འཛུགས་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ནོར་བུའི་གླིང་ཕྲན་ཐའེ་དབན་ཚུད་པའི་མེས་རྒྱལ་གྱི་མངའ་ཁོངས་ཐུན་མོང་ཐོག་བསྐྲུན་པ་དང་། ཀྲུང་གོའི་ལོ་རྒྱུས་ཐུན་མོང་ཐོག་བརྩམས་པ། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་བཏོད་པ། མི་རིགས་ཀྱི་སྙིང་སྟོབས་ཐུན་མོང་ཐོག་སྐྱེད་སྲིང་བཅས་བྱས་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚོ་སྔར་ནས་བཟུང་ཁྱིམ་ཚང་གཅིག་ཡིན་པས་རྟག་ཏུ་ཕན་ཚུན་འགྲོ་འོང་དང་། ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཐག་ཉེ་རུ། ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་བརྩེ་སེམས་ཟབ་ཏུ་བཅས་འགྲོ་དགོས་ངེས་རེད། ང་ཚོས་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ངོགས་གཉིས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ངོགས་གཉིས་ཀྱི་སྤུན་ཟླ་ཚོ་སྤེལ་རེས་ཁྲོད་སྙིང་གཏམ་ཤོད་རེས་དང་འགྲོ་འོང་ཁྲོད་ཡིད་ཆེས་འཕེལ་བར་བྱས་ཏེ་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ང་ཚོས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་ཚོ་སྐམ་ས་ཆེ་མོར་མང་ཙམ་ཡོང་བར་ལྷག་བསམ་རྣམ་དག་ངང་གདན་འདྲེན་ཞུ་རྒྱུ་ཡིན་ལ། སྐམ་ས་ཆེ་མོའི་དམངས་ཚོགས་མེས་རྒྱལ་གྱི་ནོར་བུའི་གླིང་ཕྲན་དུ་མང་ཙམ་འགྲོ་རྒྱུའི་རེ་བ་ཡང་ཡོད།
ཀྲུང་ཧྭའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྲོག་རྩ་ཡིན་ལ། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱང་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས། ཀྲུང་ཧྭའི་རིག་གནས་ཀྱི་སྲུང་སྐྱོང་བ་དང་། རྒྱུན་འཛིན་བ། དར་སྤེལ་བ་བཅས་རང་རྟོགས་ངང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས་དང་། མོས་སེམས། གཟི་བརྗིད་ཀྱི་སེམས་པ་བཅས་ཟབ་ཏུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
བཞི་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་མཐའ་གཅིག་ཏུ་ཡོང་བར་བྱེད་དགོས་ཤིང་། ལོ་བརྒྱའི་རིང་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བདེ་བླག་ངང་བསྐྱོད་པ་དང་མི་རིགས་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་ནས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་སྐབས་དེར་བཀོད་པའི་འཆར་གཞི་མངོན་འགྱུར་བྱུང་བ་མ་ཟད། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་བསམ་ཚོད་ལས་ཆེས་ཆེར་བརྒལ་བའི་གྲུབ་འབྲས་མང་པོ་ཞིག་ཀྱང་བཏོད་ཡོད། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་བར་མེད་ངང་བསྐོར་ཞིང་། དེའི་ནང་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་འབད་འཐབ་དང་རྔུལ་ཆུ་འདུས་ཡོད་པས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་སེམས་མཐུན་མཉམ་གཏོད་དང་མུ་མཐུད་འབད་འཐབ་བྱེད་དགོས་པ་མ་ཟད། མཐར་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་འབད་འཐབ་ཁྲོད་མངོན་འགྱུར་ཐུབ་ངེས་རེད།
ངོགས་གཉིས་ཀྱི་གཞོན་ནུ་ཚོས་དོན་ཆེན་སྒྲུབ་ཐུབ་ངེས་རེད་ལ་བྱས་རྗེས་ཀྱང་ཆེན་པོ་འཇོག་ཐུབ་ངེས་རེད། ང་ཚོས་ཐའེ་དབན་གྱི་གཞོན་ནུ་ཚོ་མེས་རྒྱལ་གྱི་སྐམ་ས་ཆེ་མོར་ཕུགས་འདུན་དོན་གཉེར་དང་། ཕུགས་འདུན་གཏོད་པ། ཕུགས་འདུན་མངོན་འགྱུར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན་ལ། ངོགས་གཉིས་ཀྱི་གཞོན་ནུ་འཚར་ལོངས་ཡོང་བ་དང་། འཇོན་ཐང་ཅན་དུ་འགྱུར་བ། གྲུབ་འབྲས་ཐོབ་པར་ཆ་རྐྱེན་དེ་བས་ལེགས་པ་དང་གོ་སྐབས་དེ་བས་མང་བ་མུ་མཐུད་བསྐྲུན་གྱི་ཡིན། ངོགས་གཉིས་ཀྱི་གཞོན་ནུ་ཚོ་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་གྲོགས་པོ་སྒྲིག་པ། བསམ་སྦྱོར་གཅིག་མཐུན་བཅས་བྱས་ནས། ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ཡག་པོ་བརྒྱུད་སྤྲོད་བྱས་ཏེ་མི་རིགས་བསྐྱར་དར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཟླ་4ཚེས་3ཉིན། ཧྭ་ལེན་རྫོང་མཚོ་ཁོངས་སུ་ས་ཡོམ་རིམ་པ་7.3བརྒྱབ་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་ཡོད། ངས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་རྒྱུ་དང་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན།
མཱ་དབྱིང་ཅིའུ་ཡིས། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱ་རྒྱུ་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་ཐུན་མོང་གི་ཆབ་སྲིད་ཀྱི་རྨང་གཞི་རེད། ངོགས་གཉིས་ཀྱི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ཚང་མ་མེས་པོ་ཡན་ཧོང་གཉིས་ཀྱི་རྒྱུད་པ་ཡིན་པས། སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་རྒྱུན་འཛིན་དང་། ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་བ། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་ཧྭ་དར་རྒྱས་གཏོང་བར་གཞོལ་དགོས་ཞེས་བརྗོད།
ཚོགས་འདུར་ཞུགས་པའི་ཐའེ་དབན་གྱི་གཞོན་ནུའི་འཐུས་མིས་གཏམ་བཤད་སྤེལ་ཡོད།
ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་མཇལ་འཕྲད་ལ་ཞུགས་ཡོད་པ་རེད།