ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲོར་ཚེ་དང་མཇལ་འཛོམས་གནང་བ།

སྤེལ་དུས 2024-04-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཟླ་4ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་ཧྲོར་ཚེ་དང་མཇལ་འཛོམས་གནང་བ།
  ཟླ་4ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་ཧྲོར་ཚེ་དང་མཇལ་འཛོམས་གནང་བ་རེད།
  ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་གོ་དང་འཇར་མན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ལོ་10ཡི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་མོད། འོན་ཀྱང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་མ་ཟད། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་ནང་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནད་དོན་དེ་དག་ཐག་གཅོད་བྱེད་པར་རྒྱལ་ཁབ་ཆེན་པོ་མཉམ་ལས་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པ་དང་གསུམ་པ་ཡིན་པས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་དོན་སྙིང་དེ་ཕྱོགས་གཉིས་པོའི་འབྲེལ་བའི་ཁྱབ་ཁོངས་ལས་བརྒལ་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོ་དང་ཐ་ན་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། རྒྱལ་ཁབ་གཉིས་པོས་ཕུགས་དང་འཐབ་ཇུས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ་ལག་གདང་སྦྲེལ་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མྱོང་ཡོད། ཀྲུང་གོ་དང་འཇར་མན་དབར་རྩ་བའི་ཁེ་ཕན་གྱི་གདོང་ཐུག་བྱུང་མྱོང་མེད་ལ། ཕན་ཚུན་དབར་བདེ་འཇགས་ཀྱི་འཇིགས་སྐུལ་བཟོ་མི་སྲིད། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ནི་ཕྱོགས་གཉིས་པོར་ཕན་ཐོགས་ཡོད་ལ། འཛམ་གླིང་ལའང་ཕན་ཐོགས་ཡོད། འཛམ་གླིང་ཇི་ཙམ་ཡོ་ལངས་ཆེ་ན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལྡེམ་ཤུགས་དང་གསོན་ཤུགས་དེ་ཙམ་གྱིས་ཆེ་རུ་གཏོང་བ་དང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་མཉམ་ལས་ཀྱི་དགོངས་གཞི་གཙོ་བོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ནས་ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ངེས་གནས་དེ་སྟངས་འཛིན་ནན་པོ་བྱེད་དགོས། ཀྲུང་གོས་འཇར་མན་ལ་འཛིན་པའི་སྲིད་ཇུས་ཐད་ཚད་མཐོའི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མུ་མཐུད་སྒོ་འབྱེད་ཀྱི་བློ་རྒྱར་བརྟེན་ནས་འགྲོ་འོང་དམ་ཟབ་བྱེད་དགོས་ལ། འཐབ་ཇུས་ཐོག་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཚེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ངེས་རེད།
  ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཐད་ཕན་ཚུན་འདེགས་སྐྱོར་དང་སྐུལ་འདེད་གཏོང་བཞིན་ཡོད་ལ། རྒྱལ་ཁབ་གཉིས་པོའི་ཁྲོམ་རའི་ཐད་ཚད་མཐོའི་བརྟེན་རེས་བྱེད་ཀྱི་ཡོད། ཀྲུང་གོ་དང་འཇར་མན་གྱི་གཉིས་ཕན་མཉམ་ལས་ནི“ཉེན་ཁ”ཞིག་མིན་པར་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་ཡོང་བའི་འགན་ལེན་དང་འབྱུང་འགྱུར་གཏོད་པའི་གོ་སྐབས་ཤིག་རེད། འཕྲུལ་ཆས་བཟོ་སྐྲུན་དང་རླངས་འཁོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་སམ་ཡང་ན་ལྗང་མདོག་ཕྱོགས་སྒྱུར་དང་། གྲངས་འཛིན་ཅན། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོར་སྔོག་འདོན་ཆོག་པའི་མཉམ་ལས་གཉིས་ཕན་གྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་མངོན་གསལ་དོད་པོའི་ཁྱད་ཆོས་དར་སྤེལ་བཏང་ནས་ཕྱོགས་གཉིས་ཀར་གྲུབ་འབྲས་ཐོབ་པ་བྱེད་དགོས། ཀྲུང་གོས་གློག་སྒུལ་རླངས་འཁོར་དང་། ལིས་རྒྱུའི་གློག་རྫས། འོད་ཤུགས་ཐོན་རྫས་སོགས་ཕྱིར་གཏོང་བྱས་པས། གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཆུང་དུ་བཏང་ཡོད་ལ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ནི་ཁེ་ལས་ལ་བརྟེན་ནས་རྒྱལ་ཁབ་འཛུགས་མཁན་ཞིག་ཡིན་པས། ཚང་མས་རང་མོས་ཚོང་དོན་དང་དཔལ་འབྱོར་གོ་ལ་ཅན་ལ་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་སྲུང་སྐྱོང་རིང་ལུགས་ཐོན་རྒྱུར་དོགས་ཟོན་བྱེད་པ་དང་། ཁྲོམ་རའི་མིག་རྒྱང་དང་གོ་ལ་ཧྲིལ་པོའི་མིག་རྒྱང་མཐའ་འཁྱོངས། དཔལ་འབྱོར་ཀྱི་ཆོས་ཉིད་ལ་གཞིགས་པ། དངོས་ཡོད་དང་རྩོད་སྒྲུབ་ཀྱི་ཐོག་ནས་ཐོན་ནུས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་པ། མཉམ་ལས་ཐད་གྲོས་བསྡུར་མང་ཙམ་བཅས་བྱེད་དགོས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་འཕེལ་རྒྱས་གཏོང་བར་དྲང་གཞག་དང་། ཁ་གསལ། སྒོ་དབྱེ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། འཛམ་གླིང་སྣེ་མང་ཅན་གྱི་གནད་དོན་ཐད་ཀྲུང་གོ་དང་འཇར་མན་ལ་ཐུན་མོང་གི་ཆ་མི་ཉུང་བ་ཞིག་ཡོད། སྣེ་མང་ཅན་གྱི་ངོ་བོའི་ཐོག་ཤེས་དཔལ་མི་འདྲ་བ་དང་། ལམ་ལུགས་མི་འདྲ་བ། འགྲོ་ལམ་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་ཡོང་བ་བྱེད་དགོས། ཀྲུང་གོ་དང་འཇར་མན་གྱིས་རང་ཚུགས་རང་བདག་ངང་ཕྱོགས་མང་ཁྱབ་ཁོངས་ཐད་མཉམ་ལས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གནམ་གཤིས་འགྱུར་ལྡོག་དང་། འཕེལ་རྒྱས་དོ་མི་སྙོམས་པ། ས་ཁུལ་གྱི་གདོང་ཐུག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དེ་བས་ཁ་གཏད་ཡག་པོ་གཅོག་པར་སྐུལ་འདེད་བཏང་ནས་འཛམ་གླིང་དོ་སྙོམས་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས།
  ཧྲོར་ཚེ་ཡིས་མིག་སྔར་འཇར་མན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་བཟང་བ་དང་ཕྱོགས་གཉིས་པོའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་གྲོས་མོལ་དང་། དེ་བཞིན་འཐབ་ཇུས་དང་ནོར་དཔལ་སོགས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་གླེང་མོལ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་མ་ཟད། ད་དུང་གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་ཕྱོགས་སྒྱུར་ཐད་གླེང་མོལ་ཡང་བྱ་རྒྱུ་རེད། ཉིན་གཉིས་རིང་ང་དང་འཇར་མན་གྱི་ཁེ་ལས་ལས་རིགས་ཀྱི་འཐུས་མི་ཁྲུང་ཆིང་དང་ཧྲང་ཧའེ་སོགས་སུ་འཚམས་འདྲི་བྱེད་སྐབས། ཉེ་བའི་ལོ་ཤས་རིང་གི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དངོས་སུ་མཐོང་བྱུང་ལ། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་མཉམ་ལས་ཟབ་པའི་རྣམ་པ་དེས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་།
  འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་ཕྱོགས་གཉིས་པོའི་གླེང་མོལ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། དེ་ནི་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ། ཕྱོགས་མང་གི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པར་གཞོལ་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་ལས། ཁ་གཏད་དུ་ལངས་པ་དང་འགྲན་རྒོལ་བྱེད་པར་མོས་མཐུན་བྱེད་ཀྱི་མེད། འཇར་མན་ཕྱོགས་ཀྱིས་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་གལ་ཆེན་ཡིན་པའི་འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།
  རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ད་དུང་ཡུག་རེན་གྱི་ཉམས་ཉེན་སྐོར་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་སྟེ་ཀྲུང་གོ་དང་འཇར་མན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཉིང་རྡུལ་མཚོན་ཆ་སྤྱོད་པའམ་ཡང་ན་ཞི་བའི་ཉིང་རྡུལ་སྒྲིག་ཆས་ལ་རྒོལ་མཁན་ལ་ངོ་རྒོལ། རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་བཅས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔའི་དུས་བབ་འོག་གདོང་ཐུག་དུང་འཁྱིལ་བ་ལྟར་ཇེ་དྲག་ཏུ་འགྲོ་བ་དང་ཐ་ན་ཚོད་འཛིན་མི་ཐུབ་པའི་ཕྱོགས་སུ་འཕེལ་རྒྱུར་སྔོན་འགོག་བྱ་ཆེད། ཕྱོགས་ཁག་གིས་ཐུན་མོང་ཐོག་ཞི་བདེ་སྔ་ཙམ་སླར་གསོ་བྱ་རྒྱུར་གཞོལ་དགོས་ཤིང་། དེའི་ཆེད་དུ་གཤམ་གསལ་གྱི་རྩ་དོན་འགའ་ལ་སྟངས་འཛིན་བྱེད་དགོས་པ་སྟེ། གཅིག་ནི་ཞི་བདེ་བརྟན་ལྷིང་གི་སྤྱི་ཡོངས་གཙོ་བོར་འཛིན་དགོས་པ་ལས། སྒེར་དོན་ཁོ་ན་གཉེར་ནས་སྡོད་མི་རུང་། གཉིས་ནི་དུས་བབ་ཞི་ལྷོད་དུ་གཏོང་བ་ལས་མེ་འབར་བའི་སྒང་ལ་ཤིང་གཤགས་པ་ཞེས་པའི་དཔེ་ལྟར་བྱེད་མི་རུང་། གསུམ་ནི་ཞི་བདེ་སླར་གསོའི་ཆེད་མཐུན་རྐྱེན་སྐྲུན་དགོས་པ་ལས་འགལ་ཟླ་སྔར་བས་ཛ་དྲག་ཏུ་གཏོང་མི་རུང་། བཞི་ནི་འཛམ་གླིང་དཔལ་འབྱོར་གྱི་ལྡོག་ཕྱོགས་ཤུགས་རྐྱེན་ཉུང་དུ་གཏོང་དགོས་པ་ལས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོར་གཏོར་བཤིག་གཏོང་མི་རུང་། ཀྲུང་གོ་ཕྱོགས་ནི་ཡུག་རེན་ཉམས་ཉེན་གྱི་དོ་བདག་ཕྱོགས་དང་དེའི་ནང་ཞུགས་མཁན་ཕྱོགས་མིན་མོད། འོན་ཀྱང་། ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞི་བའི་ཁ་ཏ་བསླབ་བྱ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་གི་ཡོད། ཉམས་ཉེན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་ཀྲུང་གོ་ཕྱོགས་ཀྱིས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་། འོས་འཚམ་སྐབས་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཁས་ལེན་པ་དང་། ཕྱོགས་ཁག་འདྲ་མཉམ་ངང་ཞུགས་པ། ཞི་བའི་ཇུས་གཞི་ཚང་མར་དྲང་གཞག་ངང་གྲོས་བསྡུར་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་ཞི་གྲོས་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དེའི་ཐད་འཇར་མན་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་གཏུག་དམ་ཟབ་བྱེད་འདོད་ཡོད།
  ཕྱོགས་གཉིས་པོས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2728དོན་འཁྱོལ་བྱས་ནས་གནས་ཚུལ་ཚབས་ཆེ་རུ་དང་དུས་བབ་སྔར་བས་ཇེ་སྡུག་ཏུ་འགྲོ་རྒྱུར་སྔོན་འགོག་དང་། ཅ་ཧྲ་ས་ཁུལ་ལ་འགོག་རྐྱེན་མེད་པ་དང་རྒྱུན་མཐུད་རུང་བའི་མི་ཆོས་རིང་ལུགས་ཀྱི་བྱེད་ཐབས་སྤྱོད་རྒྱུར་འགན་ལེན། ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”རྨང་གཞིའི་ཐོག་གྲོས་མོལ་བྱས་ནས་སྔ་ཙམ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས་པའི་ངོས་འཛིན་གནང་བ་མ་ཟད། ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ་རེད།
  མཇལ་འཛོམས་གྲུབ་རྗེས་ཞི་ཅིན་ཕིང་གིས་ཧྲོར་ཚེ་དང་ལྷན་དུ་འཆམ་འཆམ་ལ་ཕེབས་པ་དང་འབྲེལ་དགུང་ཟས་ཀྱང་མཆོད་པ་དང་། རྒྱ་ཁྱབ་ཀྱི་གྲོས་གཞིར་སྔར་བས་སྤེལ་རེས་གཏིང་ཟབ་གནང་བ་རེད།