ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེཊ་ཐོག་བསྟན་དོན།

སྤེལ་དུས 2024-06-01 ཡོང་ཁུངས། རྩོམ་པ་པོ།
            ཟླ་5ཚེས་30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་2026ལོར་ཀྲུང་གོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་གཉིས་པ་སྐོང་འཚོགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། “མཉམ་ལས་གྱི་རྣམ་པ་ཆེན་པོ་ལྔ”བཏོད་དེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད། 
            དབྱར་ཟླ་དང་པོར་བྱ་དངོས་ཐམས་ཅད་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཏེའོ་ཡུས་ཐའེ་ཧྥང་ཧྭ་ཡོན་ནང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་དར་དང་དེ་བཞིན་ཨ་རབ་མནའ་འབྲེལ་གྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
            ཞི་ཅིན་ཕིང་གིས་པ་རེན་གྱི་རྒྱལ་པོ་ཧ་མ་ཏེ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ། ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེ་བཅས་དང་དེ་བཞིན་ཨ་རབ་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་22བཅས་དང་རེ་རེ་བཞིན་ཕྱག་གཏོང་རེས་གནང་བ་དང་ཚང་མ་དང་ལྷན་དུ་སྐུ་པར་ཡང་བསྐྱོན་ཡོད། 
            སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་《མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།  
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཀྲུང་གོའི་མི་དམངས་དང་ཨ་རབ་རྒྱལ་ཁབ་དང་ཨ་རབ་མི་དམངས་དབར་གྱི་མཛའ་གྲོགས་ནི་དར་གོས་གནའ་ལམ་ཐོག་གི་མཛའ་གྲོགས་འགྲོ་འོང་དང་། མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་སྐབས་ཀྱི་དཔུང་པ་མཉམ་གཤིབ་ཀྱི་འཐབ་རྩོད། རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་ཀྱི་མཉམ་ལས་མཉམ་རྒྱལ་བཅས་ལས་བྱུང་བ་ཞིག་རེད། དུས་རབས་གསར་པ་ཤར་ཚུན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད། 2022ལོའི་ཟླ་12པར། ང་རང་སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ་རུ་སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་ལ་ཞུགས་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཕྱོགས་གཉིས་པོས་དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ལྷན་དུ་དབུ་ཚོགས་ཀྱི་འཐབ་ཇུས་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་2026ལོར་ཀྲུང་གོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་གཉིས་པ་སྐོང་འཚོགས་བྱ་རྒྱུ་ཡིན་ཞིང་། དེ་ཉིད་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བའི་ལམ་ཚད་རྡོ་རིང་གཞན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།  
            ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཚང་མས་རང་སོ་སོའི་མི་རིགས་དར་རྒྱས་མངོན་འགྱུར་དང་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་ཡོད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པ་དེས་ང་ཚོས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བའི་དུས་རབས་གསར་པ་གཏོད་རྒྱུ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་གི་འབྱུང་འགྱུར་གསར་པ་གཏོད་རྒྱུའི་ཐུན་མོང་གི་བསམ་འདུན་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་སོ་སྲུང་རོགས་རེས་དང་། འདྲ་མཉམ་གཉིས་ཕན། ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། རོགས་ལས་དམ་ཟབ་བཅས་བྱས་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་དེ་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཚད་གཞི་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མ་དཔེ། ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཐབས་ལམ་ཡང་དག་པ་འཚོལ་ཞིབ་བྱེད་པའི་མིག་དཔེ་བཅས་སུ་འགྱུར་བ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།   
            ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ང་རང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོའི་རིང་བཏོན་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི“ཐུན་མོང་གི་བྱ་སྤྱོད་ཆེན་པོ་བརྒྱད”ལ་ཐོག་མའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེ་ཉིད་རྨང་གཞིར་བྱས་ནས། ཨ་རབ་ཕྱོགས་དང“མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ”བཏོད་དེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་མྱུར་ཚད་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
            དེ་ཡང་། གཅིག་ནི་གསོན་ཤུགས་སྔར་ལས་ཆེ་བའི་གསར་གཏོད་ཀྱི་སྐུལ་འདེད་རྣམ་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ཚེ་སྲོག་བདེ་ཐང་དང་། མི་ཐབས་རིག་ནུས། ལྗང་མདོག་ཐཱན་ཉུང་། དེང་རབས་ཞིང་ལས། བར་སྣང་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་ཚོད་ལྟ་ཁང་10མཉམ་དུ་འཛུགས་རྒྱུ་དང་། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མི་ཐབས་རིག་ནུས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ནུས་པ་ཐོན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་ཆགས་པར་སྐུལ་འདེད་གཏོང་བ། བར་སྣང་ཧྲུག་ལྷེབ་ཀྱི་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་བྱང་སྐར་ཉེར་སྤྱོད་མཉམ་ལས་འཕེལ་རྒྱས་ལྟེ་གནས་མཉམ་སྐྲུན་བྱས་ནས། མི་བཞུགས་མཁའ་སྐྱོད་དང་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན།        
            གཉིས་ནི་གཞི་ཁྱོན་སྔར་ལས་ཆེ་བའི་མ་འཇོག་དངུལ་རྩའི་རྣམ་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་བཙུགས་ནས་ཕྱོགས་གཉིས་པོའི་དངུལ་རྩའི་ལས་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་རབ་ཕྱོགས་ཀྱི་དངུལ་ཁང་ལས་ཁུངས་མི་དམངས་ཤོག་སྒོར་གྱི་རྒྱལ་མཚམས་སྒྲོལ་བའི་གཏོང་སྤྲོད་ཞིབ་རྩིས་མ་ལག་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ། ཀྲུང་དབྱང་དངུལ་ཁང་གི་གྲངས་འཛིན་དངུལ་ལོར་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན།
            གསུམ་ནི་དེ་བས་མིག་མཐོང་ལག་ཟིན་གྱི་ནུས་ཁུངས་མཉམ་ལས་ཀྱི་རྣམ་པ་ཡིན།   ཀྲུང་གོས་ཨ་རབ་དབར་སྣུམ་རླངས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། ནུས་ཁུངས་གསར་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་ཐོན་སྐྱེད་བྱ་རྒྱུར་མཉམ་དུ་གཞོལ་རྒྱུ་ཡིན་ཞིང་།   ཀྲུང་གོའི་ནུས་ཁུངས་ཁེ་ལས་དང་དངུལ་རྩའི་ལས་ཁུངས་ཀྱིས་ཨ་རབ་རྒྱལ་ཁབ་ཏུ་སླར་སྐྱེས་རུང་བའི་ནུས་ཁུངས་རྣམ་གྲངས་ནང་ལྷན་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། 
            བཞི་ནི་དེ་བས་དོ་སྙོམས་ཀྱི་དཔལ་འབྱོར་ཉོ་ཚོང་གི་གཉིས་ཕན་རྣམ་པ་ཡིན།  ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨ་རབ་ཀྱི་གོང་འཕེལ་མཉམ་ལས་རྣམ་གྲངས་ལག་བསྟར་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་།  ཕྱོགས་གཉིས་དང་ས་ཁོངས་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དབྱེན་འབྱེད་གྲོས་མོལ་བྱེད་མགྱོགས་སུ་གཏོང་རྒྱུ།  གློག་རྡུལ་ཚོང་དོན་མཉམ་ལས་ཐད་གྲོས་བསྡུར་བྱེད་པའི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་།  ཨ་རབ་ཀྱི་ནུས་ཁུངས་མིན་པའི་ཐོན་རྫས་དང་ལྷག་པར་དུ་ཞིང་ཟས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད།         
            ལྔ་ནི་ཁྱབ་ཚད་དེ་བས་རྒྱ་ཆེ་བའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་རྣམ་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ“གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ཀྲུང་གོ་དང་ཨ་རབ་ལྟེ་གནས”བཙུགས་ནས། རིག་མཛོད་མནའ་འབྲེལ་དང་། གཞོན་ནུའི་གོང་འཕེལ་གླེང་སྟེགས། སློབ་ཆེན་མནའ་འབྲེལ། རིག་གནས་དང་ཡུལ་སྐོར་མཉམ་ལས་ཞིབ་འཇུག་ལྟེ་གནས་སོགས་ཀྱི་སྟེགས་བུ་སྐྲུན་མགྱོགས་སུ་གཏོང་འདོད་ཡོད། ཀྲུང་གོས་ལོ་ལྟར་ཨ་རབ་ཕྱོགས་ཀྱི་སྲིད་ཏང་འགོ་ཁྲིད་པ་200ཀྲུང་གོར་འཚམས་འདྲིར་གདན་དྲངས་རྒྱུ་དང་། འབྱུང་འགྱུར་ལོ་5ཡི་ནང་ཡུལ་སྐོར་བ་བྱེ་བ་གཅིག་ཕན་ཚུན་བསྐྱོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད། 
            ཞི་ཅིན་ཕིང་གིས། དབུས་ཤར་ས་ཁུལ་ནི་གོང་འཕེལ་གྱི་གཤིན་ས་ཞིག་ཡིན་མོད། འོན་ཀྱང་ས་ཆ་དེའི་ཐོག་དམག་འཁྲུག་གི་མེ་ལྕེ་སྔར་བཞིན་འབར་བཞིན་ཡོད། དམག་འཁྲུག་རྒྱུན་མཐུད་ཚད་མེད་དུ་ལངས་མི་རུང་ལ། དྲང་བདེན་ཇི་སྲིད་བར་དུ་མངོན་འགྱུར་མི་ཐུབ་པ་ཡང་བྱེད་མི་རུང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ལ་དེ་བས་ཀྱང་གང་འདོད་དུ་གཡོ་འགུལ་གཏོང་མི་རུང་། 1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཤར་ཅེབ་རུ་ས་ལེམ་རྒྱལ་སར་བྱེད་ཅིང་། བདག་དབང་རྦད་དེ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་ཀྲུང་གོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པ་དང་། ཕ་ལེ་སི་ཐན་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་དངོས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་།  གཞི་ཁྱོན་དེ་བས་ཆེ་བ་དང་། དབང་གྲགས་དེ་བས་ཆེ་བ།  ཕན་འབྲས་དེ་བས་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་ཞི་བདེའི་གྲོས་ཚོགས་ཚོགས་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་ཀ་ཧྲ་ཡི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་དང་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།  
            ཞི་ཅིན་ཕིང་གིས་མཇུག་ཏུ།  ཨ་རབ་ཀྱི་གཏམ་དཔེར། གྲོགས་པོ་ནི་འཚོ་བའི་ཁྲོད་ཀྱི་ཉི་འོད་ཡིན་ཞེས་ཤོད་སྲོལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨ་རབ་ཀྱི་གྲོགས་པོ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་ཐོག་ནས་འབྱུང་འགྱུར་མཉམ་དུ་གཏོད་དེ།  ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བགྲོད་ལམ་ལ་ཉི་འོད་རབ་ཏུ་འཚེར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།  
            པ་རེན་གྱི་རྒྱལ་པོ་ཧ་མ་ཏེ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ། ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེ་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་གསུངས་ཡོད། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་20སོང་རིང་ཨ་རབ་དང་ཀྲུང་གོ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་ཁོང་ཚོ་ཚང་མས་ཚད་མཐོའི་གདེང་འཇོག་གནང་བ་དང་།  ཨ་རབ་དང་ཀྲུང་གོའི་ཁྱོན་ཡོངས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཨ་རབ་དང་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ཞིང་།  དེ་ལྟར་བྱས་ཚེ་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་གནང་བ་དང་། ཨ་རབ་ཕྱོགས་ནས་ཀྲུང་གོའི་གོང་འཕེལ་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཚད་མཐོའི་གདེང་འཇོག་དང་།  ཀྲུང་གོས་དེང་སྐབས་དང་འབྱུང་འགྱུར་འཛམ་གླིང་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་བསྐྱར་བཤད། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ཕྱོགས་དབར་ཨ་རབ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་དུས་རབས་གསར་པར་ཕྱོགས་པའི་ཨ་རབ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་འདོད་ཡོད་ཅེས་བསྟན་ཡོད། 
            ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོས་འཛིན་པའི་དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་ལ་འགོ་ཁྲིད་པ་ཚང་མས་ཚད་མཐོའི་བསྔགས་བརྗོད་གནང་བ་དང་།  ཀྲུང་གོའི་དབར་རོགས་ལས་དམ་ཟབ་བྱས་ཏེ་ཀ་ཧྲ་ས་ཁུལ་གྱི་ཛ་དྲག་དུས་བབ་དང་མི་ཆོས་ཀྱི་ཉམས་ཉེན་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུར་གཞོལ་ནས།  ཕ་ལེ་སི་ཐན་མི་དམངས་ཀྱིས་རང་བཙན་རྒྱལ་ཁབ་འཛུགས་རྒྱུ་མངོན་འགྱུར་ཡོང་བ་དང་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཁྱོན་ཡོངས་ནས་དྲང་གཞག་ངང་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད། 
            ཚའེ་ཆི་གོང་གསལ་བྱེད་སྒོར་ཞུགས་ཡོད།  
            ཝང་དབྱི་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཡོད།