ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གི་འཕྲིན་ལན་ལ་ལོ་ཆུང་བྱིས་པའི་ཁྲོད་ལན་ཆ་ཆེན་པོ་བྱུང་།

སྤེལ་དུས 2024-06-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་ངང་སྐུལ་མ་གནང་བ་དང་འབྲེལ་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པར་དུས་ཆེན་རྟེན་འབྲེལ་ཞུས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བྱམས་བརྩེའི་འཚམས་འདྲི་དང་མངགས་བཅོལ་ནན་པོ་གནང་བར་ས་གནས་ཁག་གི་ལོ་ཆུང་བྱིས་པ་དང་སློབ་གསོའི་ལས་དོན་པའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད།
            ཀྲི་ཅང་སློབ་ཆུང་ནི་དེ་སྔ་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྱི་རི་ཁུལ་སློབ་ཆུང་ཞིག་ཡིན། 2004ལོར། ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འོག་སློབ་གྲྭ་དེ་གནས་སྤོ་བྱས་པ་དང་། སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པའི་ཞི་ཅིན་ཕིང་ལོ་དེའི་ཟླ་5པར་སློབ་གྲྭ་གསར་འཛུགས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་ཡོད། ཉེ་དུས། ཀྲི་ཅང་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་པ་དང་། དྲིན་ཚོར་གྱི་བསམ་པ་དང་དུས་རབས་གསར་པའི་ན་གཞོན་ཡག་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ལ་འཕྲིན་ཡིག་བསྐུར་བའི་སློབ་མ་ཐང་ཧའེ་ལིང་གིས། སེམས་འགུལ་ཆེན་པོ་ཐེབས་ལ། ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན། སྤོ་བོ་ཞི་ལགས་ཀྱིས་ང་ཚོའི་སློབ་གྲྭར་སྤྲིངས་པའི་འཕྲིན་ལན་དེ་ནི་ཧ་ཅང་རྩ་ཆེ་བའི་ལག་རྟགས་ཤིག་ཡིན། ངས་སྤོ་བོ་ཞི་ལགས་ལ་ང་ཚོས་ཁོང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ངེས་ཡིན་ཞེས་བཤད་འདོད་འདུག་ཅེས་བརྗོད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་མཐོང་རྗེས། ངས་ལོ་20ཡི་གོང་ཁྱེད་ཚོའི་སློབ་གྲྭའི་རྩིག་རྨང་འདིང་བའི་མཛད་སྒོའི་ནང་ཞུགས་པའི་གནས་ཚུལ་དྲན་བྱུང་ཞེས་གསུངས། སྐབས་དེའི་གནས་ཚུལ་གླེང་སྐབས། ཀྲི་ཅང་སློབ་ཆུང་གི་སློབ་སྤྱི་ཐོག་མ་ཝུན་ཀྲི་ཡུང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས། སློབ་གཉེར་ཆ་རྐྱེན་ལ་བལྟས་ན། དེ་ནི་དུས་རབས་ཤིག་གི་ཁྱད་པར་ཡིན་པ་དང་། ཁྱད་པར་དེ་ནི་ཀྲེ་ཅང་མི་དམངས་ཀྱིས་གསར་བརྗེའི་རྟེན་གཞི་རྙིང་པའི་མི་དམངས་ཀྱི་སློབ་གསོར་རྒྱབ་སྐྱོར་དང་། སེམས་ཁུར། རོགས་རམ་བཅས་བྱེད་པའི་བསྡུས་རིས་ལྟ་བུ་ཞིག་ཡིན་ལ། དེ་ཡང་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་བྱས་རྗེས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་ཀྱང་ཡིན་ཞེས་བརྗོད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་འདི་དག་རིང་སློབ་གྲྭ་ལོ་རེ་ལས་ལོ་རེ་གཉེར་སྐྱོང་ཡག་པོ་བྱུང་བ་དང་། སློབ་གྲོགས་ཚོས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱེད་པ། ངལ་རྩོལ་ལ་དགའ་ཞེན་ཆེ་བ། བདེ་ཐང་དང་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་བྱུང་བ་བཅས་ཤེས་རྗེས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས། ཀྲི་ཅང་སློབ་ཆུང་གི་སློབ་སྤྱི་ཁྲེན་ཀྲེན་ཡ་ཡིས། ལོ་20ཡི་རིང་། ཀྲི་ཅང་སློབ་ཆུང་གི་ཕྲུ་གུ་ཚོས་ལོ་ལྟར་ཟླ་5པར་དྲིན་ཚོར་གྱི་འཕྲིན་ཡིག་ཅིག་བྲིས་ནས་དགེ་རྒན་དང་ཕ་མར་དྲིན་ཚོར་གྱི་སེམས་པ་མཚོན་པར་བྱེད་ཀྱི་ཡོད། ད་ལོ་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་ཕྲུ་གུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ཡང་འབྱོར་ཡོད་པས། ཚང་མ་ཤིན་ཏུ་དགའ་པོ་བྱུང་སོང། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཕྲིན་ལན་སྤྲིངས་པ་དེ་ནི། ང་ཚོས་སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་སློབ་གསོ་ཡག་པོ་གཉེར་དགོས་པ་དང་། ཕྲུ་གུ་ཚོ་གསོ་སྐྱོང་ཡག་པོ་བྱེད་དགོས་པ། སློབ་གྲྭ་འཕེལ་རྒྱས་ཡག་པོ་གཏོང་དགོས་པ་བཅས་མངགས་བཅོལ་གནང་བ་ཞིག་རེད་ཅེས་བརྗོད།
            ཀྲི་ཅང་སློབ་ཆུང་གི་དགེ་རྒན་ཀའོ་དབྱི་ཧུའེ་ཡིས། གཟི་བརྗིད་ལྡན་པའི་སྣང་བ་ཟབ་མོ་བྱུང་ལ། རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པའི་མྱོང་ཚོར་ཡང་བྱུང་། ངས་ངེས་པར་དུ་ནུས་པས་གང་ལྕོགས་དང་། མུ་མཐུད་དུ་བྱིས་པ་རྣམས་སྤྱོད་ཤེས་ལུས་མཛེས་ལས་ལྔ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། རང་རྒྱལ་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཁྱེད་ཚོའི་མི་རབས་འདིས་རྒྱུན་མཐུད་འབད་འཐབ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བྱམས་བརྩེའི་འཚམས་འདྲི་དང་མངགས་བཅོལ་ནན་པོས་ས་གནས་ཁག་གི་ལོ་ཆུང་བྱིས་པ་དང་སློབ་གསོའི་ལས་དོན་པར་སྐུལ་ལྕག་གནང་བ་རེད། ཧྲའན་ཤིས་ཀྲའོ་ཅིན་པེ་ལིའང་དམར་དམག་སློབ་ཆུང་གི་སློབ་མ་ཀྲང་ཡུས་ཧྥན་གྱིས། སྤོ་བོ་ཞི་ལགས་ཀྱིས་ཐུགས་བྲེལ་ལ་མ་འཛེམ་པར་ང་ཚོའི་ལོ་ཆུང་བྱིས་པའི་སློབ་སྦྱོང་དང་འཚར་ལོངས་ལ་ཐུགས་ཁུར་གནང་ཡོད། ངས་ངེས་པར་དུ་སྤོ་བོ་ཞི་ལགས་ཀྱི་བཀའ་སློབ་བློ་ལ་བརྟན་པོར་ངེས་ཏེ། ཏང་གཅེས་རྒྱལ་གཅེས་དང་། དུས་ཚོད་ལ་གཅེས་སྤྲས། ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་པ། ནར་སོན་རྗེས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་ཡོན་ཏན་ལ་བརྟེན་ནས་ངའི་ཕ་ཡུལ་སྔར་བས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད།
            མཛེས་པའི་གྲོང་གསེབ་ཀྱི་གཞོན་ནུ་དགེ་རྒན། ཅང་ཞི་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཤིའུ་ཧྲུའེ་རྫོང་མན་ཅང་ཤང་སློབ་གྲྭ་འབྲིང་ཆུང་གི་སློབ་དཔོན་ཧྲེན་ཁུའེ་ཡོན་གྱིས། གྲོང་གསེབ་ཀྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པའི་མྱོང་ཚོར་བྱུང་། ངས་ཀུན་སྤྱོད་བཙུགས་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་མི་སྐྱོང་དང་། རྩ་བ་བརྟན་གཏོང་དང་བླ་སྲོག་བཏོད་ནས། སློབ་མའི་གཤིས་རྒྱུད་ཞུན་བརྡར་དང་། ཤེས་བྱ་སློབ་སྦྱོང་། བསམ་བློ་གསར་གཏོད། མེས་རྒྱལ་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་“སྣེ་ཁྲིད་པ”ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བརྗོད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སློབ་གྲོགས་ཚོས་ཕུགས་འདུན་རྒྱ་ཆེན་པོ་བཙུགས་ནས། རྩ་ཆེའི་དུས་ཚོད་ལ་གཅེས་སྤྲས་དང་། སྤྱོད་ཤེས་ལུས་མཛེས་ལས་བཅས་ལྔ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གཅེས་དང་རྒྱལ་གཅེས་དང་། རང་ཚུགས་དང་རང་སྟོབས་རང་སྤེལ། ཡར་རྒྱས་འབད་བརྩོན་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣར་འཚར་ལོངས་ཡོང་བའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད། ལེའོ་ཉིང་ཞིང་ཆེན་པིན་ཤིས་གྲོང་ཁྱེར་སློབ་གསོ་ཅུས་ཐད་གཏོགས་སློབ་གྲྭའི་སྤྱི་ཁྱབ་རུ་ཁག་གི་ཟུར་ཁྲིད་པ་སུའུ་ཏན་གྱིས་ངས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། ང་ཚོའི་བྱང་ཤར་ལྗར་འགོག་མཉམ་འབྲེལ་ལོ་རྒྱུས་དོན་དངོས་འགྲེམས་སྟོན་ཁང་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་སློབ་མ་ཚོའི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་པའི་བརྩེ་བ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བརྗོད།
            ཧྲང་ཧའེ་གྲོང་ཁྱེར་ལོ་ཆུང་གདོང་ལེན་རུ་མིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་གོ་ཆང་གིས་ང་ཚོས་ལོ་ཆུང་གདོང་ལེན་རུ་མི་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆབ་སྲིད་ཀྱི་དད་སེམས་བརྟན་པོ་ཡོང་བར་ཁྲིད་སྟོན་དང་། ན་གཞོན་གྱི་སེམས་སྒྲ་ཉན་པ། ན་གཞོན་གྱི་བསམ་ཚུལ་ཤེས་པ་བཅས་བྱས་ཏེ། རྒྱ་ཆེའི་ན་གཞོན་རྣམས་བསམ་བློའི་ཉམས་ལེན་དང་། ལག་ལེན་གྱི་སྦྱོང་བརྡར་ཁྲོད་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། སྤོབས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣར་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

རྩོམ་སྒྲིག་པ། རིག་གྲོལ།