ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་པ་རེན་གྱི་རྒྱལ་པོ་དང་མཇལ་མོལ་གནང་བ།

སྤེལ་དུས 2024-06-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་31ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་ཆབས་ཅིག་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པར་ཕེབས་པའི་པ་རེན་གྱི་རྒྱལ་པོ་ཧ་མ་ཏེ་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་པ་རེན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད།     
            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་31ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་འཚོགས་ནས། པ་རེན་གྱི་རྒྱལ་པོ་ཧ་མ་ཏེ•པེན•དབྱི་ས•ཨ་ལེ་ཧ་ལི་ཧྥ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་གནང་ཡོད།  
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད། 
            ཧ་མ་ཏེ་ལ་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྱི་གྲས་སུ་རྒྱལ་སྲས་དང་། རྒྱལ་པོའི་ཕོ་བྲང་གི་བློན་ཆེན། མཐོ་རིམ་གྲོང་ཁྱེར་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་སོགས་ཡོད་པ་རེད།
            དམག་དཔུང་རོལ་ཆ་ཚོགས་པས་པ་རེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་། རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་ཡོད།
            ཞི་ཅིན་ཕིང་གི་ཕེབས་རོགས་འོགཧ་མ་ཏེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། 
            རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད།
            ཧ་མ་ཏེ་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་དང་འབྲེལ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པར་ཕེབས་པ་ཞིག་རེད།   
            དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཧ་མ་ཏེ་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་པ་རེན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་ཡོད།  
            ཞི་ཅིན་ཕིང་གིས།  པ་རེན་ནི་མཚོ་ཁུག་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་བཟང་པོ་ཞིག་ཡིན། མ་གཞི་རྒྱལ་ཁབ་གཉིས་པོའི་རྒྱལ་ཚུལ་མི་འདྲ་ཡང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་ལྷག་བསམ་རྣམ་དག་གི་ལྟ་སྟངས་འཛིན་པ་དང་མཛའ་མཐུན་མཉམ་གནས་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་པ་རེན་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད། ད་ལོ་ནི་ཀྲུང་གོ་དང་པ་རེན་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་ཡིན་ཞིང་། ཕྱོགས་གཉིས་པོས་ཀྲུང་གོ་དང་པ་རེན་གྱི་འབྲེལ་བ་དེ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། འདི་ནི་ཀྲུང་གོ་དང་པ་རེན་གྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་རེད་ཅེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་པ་རེན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཡག་པ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད། 
            ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་། པ་རེན་ཕྱོགས་ནས་རང་བཙན་རང་བདག་གི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། པ་རེན་གྱི“2030ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདུན་པ”དང་སྣེ་མང་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། པ་རེན་ཕྱོགས་དང་ནུས་རྒྱུ་དང་མ་འཇོག འགྲིམ་འགྲུལ། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་དང་མི་སྣ་འགྲོ་འོང་དམ་ཟབ་བྱས་ནས། ཀྲུང་གོ་དང་པ་རེན་གྱི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་མུ་མཐུད་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལམ་ལུགས་མི་འདྲ་བ་དང་ཤེས་དཔལ་མི་འདྲ་བའི་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཞི་བདེ་དང་ཞི་གྲོས་ཡོང་བ་བྱེད་པ། འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། པ་རེན་ཚུད་པའི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་དབུ་ཚོགས་སྐབས་གཉིས་པ་ཡག་པོ་གཉེར་བ། ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་ཀྱང་བྱེད་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་ཐོག་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་འདུག 
            ཧ་མ་ཏེས། ཀྲུང་གོ་ནི་རྒྱལ་ཁབ་རླབས་ཆེན་ཤིག་ཡིན་ཞིང་། པ་རེན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པས། པ་རེན་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པ་རེན་ཕྱོགས་ཀྱིས་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་སྟེ། པ་རེན་ལ་སྣེ་མང་ཅན་གྱི་འཕེལ་རྒྱས་ཡོང་བར་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱུན་འཛིན་བྱས་པའི་བླ་ན་མེད་པའི་རིན་ཐང་འདུ་ཤེས་དང་རྗེས་དཔག་བློ་གྲོས་ཀྱི་སྲིད་ཇུས་འདོད་ཚུལ་ལ་པ་རེན་ཕྱོགས་ནས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་འབྲེལ་རྦད་དེ་མོས་མཐུན་བྱེད་ཀྱི་ཡོད།  ཀྲུང་གོ་འཕེལ་རྒྱས་ཡག་པོ་བྱུང་ཚེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གཞི་ནས་འཕེལ་རྒྱས་ཡག་པོ་ཡོང་བ་དང་། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་གཞི་ནས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཐུབ། ཀྲུང་གོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་མ་ཟད། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། པ་རེན་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས། ཀྲུང་གོ་ཞི་བདེ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་ཕྱོགས་མང་རོགས་ལས་དམ་ཟབ་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ལ་འདྲ་མཉམ་གྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོང་བར་འགན་ལེན་དེ་བས་ཡག་པ་བྱེད་འདོད་ཡོད། པ་རེན་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཚོ་ཁུག་མཉམ་ལས་ཨུ་ལྷན་དང་ཀྲུང་གོའི་རང་མོས་ཉོ་ཚོང་གྲོས་ཆོད་སྔ་ཙམ་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཨ་རབ་དང་ཀྲུང་གོའི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་སྟེ། ལག་གདང་སྦྲེལ་ནས་དུས་རབས་གསར་པར་ཕྱོགས་པའི་ཨ་རབ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་བསྟན་གནང་འདུག 
            ཧ་མ་ཏེས་ཉེ་དུས་ཚོགས་པའི་སྐབས་སུམ་ཅུ་སོ་གསུམ་པའི་ཨ་རབ་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུའི་གནས་ཚུལ་དང་ལྷག་པར་དུ་ཨ་རབ་རྒྱལ་ཁབ་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས། དེ་བཞིན་ཀ་ཧྲ་ས་ཁུལ་གྱི་གདོང་ཐུག་གང་སྔ་མཇུག་འགྲིལ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲང་བདེན་གྱི་ལངས་ཕྱོགས་འཛིན་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།ཞི་ཅིན་ཕིང་གིས། ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོ་དང་པ་རེན་ཕྱོགས་གཉིས་པོའི་ལངས་ཕྱོགས་གཅིག་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུའི་ཐོག་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཨ་རབ་རྒྱལ་ཁབ་ཀྱི་ཐུན་མོང་གི་བསམ་འཆར་བཏོན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། པ་རེན་དང་ཨ་རབ་རྒྱལ་ཁབ་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཁྱོན་ཡོངས་དང་། གཞུང་དྲང་། ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་འདུག
            མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མ་འཇོག་དང་། ལྗང་མདོག་ཐཱན་ཉུང་། གློག་རྡུལ་ཚོང་དོན། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད། 
            ཕྱོགས་གཉིས་པོས《ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པ་རེན་རྒྱལ་པོའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད། 
            དེ་ཉིན་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཧ་མ་ཏེར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
            ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།