ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཆང་གིས་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་ལ་ཐུག་འཕྲད་གནང་བ།

སྤེལ་དུས 2024-06-20 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

            ས་གནས་དེའི་དུས་ཚོད་ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་གོང་མའི་ཕོ་བྲང་དུ་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་ལ་ཐུག་འཕྲད་གནང་།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་གོང་མའི་ཕོ་བྲང་དུ་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་ལ་ཐུག་འཕྲད་གནང་།
            ལི་ཆང་གིས་ཐོག་མར་དབྱི་པུའུ་ལ་ཞིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམ་འདྲི་བརྒྱུད་སྒྲོག་བྱས། ལི་ཆང་གིས་བསྟན་དོན། ང་རང་ཐེངས་འདིར་མ་ལེ་ཞི་ཡར་འཚམས་འདྲི་ཕེབས་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། ཀྲུང་མ་འབྲེལ་བ་དང་མཉམ་ལས་སྔར་ལས་ལྷག་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན། ཀྲུང་གོས་མ་ལེ་ཞི་ཡ་དང་མཉམ་དུ། མུ་མཐུད་དུ་ཆབ་སྲིད་ཀྱི་ཡིད་རྟོན་གཏིང་ཟབ་དུ་བཏང་སྟེ། མཐོ་རིམ་འགྲོ་འོང་དམ་ཟབ་སྲུང་འཛིན་གྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ནས། ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པ་སྣེ་ཁྲིད་དུ་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མུ་མཐུད་དུ་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
            ལི་ཆང་གིས་བསྟན་དོན། ཀྲུང་མས་ཕན་ཚུན་གྱིས་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། སྔར་ལས་ལྷག་པར་ཕན་ཚུན་ཁ་གསབ་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གཞི་ཁྱོན་རྒྱ་བསྐྱེད་པ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཀྲུང་གོས་དངོས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡར་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་ལྕག་གནང་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་སློབ་གསོ་དང་ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འགྲོ་འོང་ལ་སྐུལ་ལྕག་དང་། ཀྲུང་མའི་མཛའ་མཐུན་གྱི་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
            དབྱི་པུའུ་ལ་ཞིན་གྱིས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཟོལ་མེད་འཚམས་འདྲི་བརྒྱུད་སྒྲོག་བྱེད་དུ་བཅུག དབྱི་པུའུ་ལ་ཞིན་གྱིས་བསྟན་དོན། མ་ལེ་ཞི་ཡས་མ་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མ་ཀྲུང་འབྲེལ་བ་ཡང་བསྐྱར་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། མ་ལེ་ཞི་ཡས་ཀྲུང་གོའི་ཁེ་ལས་ཀྱིས་མ་ལེ་ཞི་ཡ་རུ་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
            ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། རིག་གྲོལ།