ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

འཚོ་བའི་རྒྱུན་ཤེས།

སྤེལ་དུས 2024-03-11 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།

              གཅིག ལྷད་མེད་འཛད་སྤྱོད་ཀྱི་འདུ་ཤེས་ལག་ཏུ་བསྟར་དགོས།
            སྲོལ་རྒྱུན་གྱི་ཁྱིམ་སྤྱོད་གློག་ཆས་དང་བསྡུར་ན། ལྷད་མེད་རིག་ནུས་གློག་ཆས་ནི་ཐོན་ཁུངས་གྲོན་ཆུང་རིགས་དང་འཛེར་སྒྲ་ཆུང་བའི་རིགས། སྙིགས་རོ་ཉུང་གཏོང་རིགས། དུག་དམའ་བདེ་འཇགས་རིགས་གཙོ་བོར་བཟུང་ཞིང་། ཚོར་ཤེས་དང་བརྡར་གཅོད། ལག་བསྟར་སོགས་ཀྱི་ནུས་པ་ལྡན་པས། འཛད་སྤྱོད་དགོས་མཁོ་སྔར་ལས་ལེགས་པོར་བསྐང་ཐུབ།
            འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོ་སྐབས། ལྷད་མེད་རིག་ནུས་གློག་ཆས་ཀྱི་དཔང་དངོས་ར་སྤྲོད་ཡོད་མེད་ལ་མཉམ་འཇོག་དགོས་ལ། ཕན་ནུས་མཚོན་རྟགས་དང་རིག་ནུས་ཆུ་ཚད་སོགས་ལ་རྒྱུས་ལོན་གསལ་པོ་བྱས་ཏེ། ཁྱིམ་སྤྱོད་གློག་ཆས་གསར་པས་འཛད་སྤྱོད་མྱོང་ཚོར་ལེགས་པོ་སྦྱིན་ཐུབ་པར་ཁག་ཐེག་བྱེད་དགོས་ཤིང་། ཚོང་པའི་དྲིལ་སྒྲོག་རྫུན་མའི་གཡོ་འོག་ཏུ་ཚུད་པར་མཉམ་འཇོག་དགོས། དེ་དང་མཉམ་དུ། འཛད་སྤྱོད་པ་རྣམས་ཀྱིས་ཕན་ནུས་རིམ་པ2ཡན་གྱི་གློག་ཆས་ཏེ། དཔེར་ན་འཁྱག་སྒམ་དང་གྱོན་འཁྲུ་འཕྲུལ་ཆས། དྲོད་སྙོམས་འཕྲུལ་ཆས། ཆུ་བསྲོ་ཆས། ཆུ་གཙང་ཆས། མཁའ་དབུགས་གཙང་སྒྱུར་འཕྲུལ་ཆས་སོགས་ཀྱི་གློག་ཆས་ཐོན་རྫས་ཉོས་ཏེ། ལྷད་མེད་འཛད་སྤྱོད་ཀྱི་འདུ་ཤེས་ལག་ཏུ་བསྟར་དགོས། འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་གསར་པ་ཉོ་སྐབས། ཁྱིམ་གྱི་གློག་ཆས་རྙིང་པས་ཁ་གསབ་རོགས་དངུལ་བླངས་ཆོག
             གཉིས། ཚོང་རྫས་ཀྱི་བརྡ་འཕྲིན་གལ་ཆེན་ལ་དོ་སྣང་བྱེད་དགོས།
            ཁ་པར་དང་རྩིས་འཁོར། འཁྱག་སྒམ་སོགས་ཀྱི་ཁྱིམ་སྤྱོད་གློག་ཆས་ཉོ་སྐབས། འཛད་སྤྱོད་པས་ཚུལ་མཐུན་གྱི་འཛད་སྤྱོད་རྩ་དོན་བརྩི་སྲུང་བྱེད་དགོས་ཤིང་། ཐོན་རྫས་ཀྱི་གཤིས་ནུས་དང་བེད་སྤྱོད་མྱོང་ཚོར། རང་ངོས་ཀྱི་དགོས་མཁོ་སོགས་ལ་ཕྱོགས་བསྡུས་བསམ་གཞིག་སྒོས་ཉོ་བསྡུ་བྱེད་དགོས། རང་ངོས་ཀྱིས་དང་ལེན་བྱེད་ཐུབ་པའི་རིན་གོང་གི་ཁྱབ་ཁོངས་ནང་། ཚད་གཞི་མཐོ་བ་དང་ཀུན་གྱིས་ཁས་ལེན་པ། ཡིད་ཆེས་ཚད་མཐོ་བའི་ཁྱིམ་སྤྱོད་གློག་ཆས་འདེམ་དགོས། ཉོ་བསྡུ་བྱེད་སྐབས། ཐོན་རྫས་ཀྱི་རྒྱུ་ཆའི་སྤུས་ཚད་དང་གསར་གཏོད་ཇུས་འགོད། བཟོ་དབྱིབས་བཟོ་རྩལ། བེད་སྤྱོད་བྱེད་ནུས། ཞབས་ཞུའི་འགན་སྲུང་སོགས་ཀྱི་བརྡ་འཕྲིན་གལ་ཆེན་ལ་དོ་སྣང་བྱེད་དགོས་པར་མ་ཟད། འཛད་སྤྱོད་པས་སྟེགས་བུ་སོ་སོའི་རིན་སྲུང་དུས་ཡུན་མི་འདྲ་བར་མཉམ་འཇོག་དགོས་ལ། ཤན་འབྱེད་ཞིབ་མོ་དང་རིན་སྲུང་གསལ་བཤད་སོགས་ལ་གསལ་པོར་བལྟས་རྗེས། ཅི་ནུས་ཀྱིས་རིན་སྲུང་དུས་ཡུན་རིང་བའི་ཐོན་རྫས་ཉོ་དགོས།
             གསུམ། ཐོན་རྫས་ཀྱི་འགན་ལེན་གསུམ་གྱི་གཏན་འབེབས་ལ་དོ་སྣང་བྱེད་དགོས།
            འགན་ལེན་གསུམ་གྱི་གཏན་འབེབས་ནི《ཐོན་རྫས་ཁ་ཤས་ཞིག་གསོ་དང་གསར་བརྗེ། ཕྱིར་སློག་བཅས་བྱེད་པའི་འགན་ཁུར་གཏན་འབེབས》ལས་ཐོན་པ་དང་། ཐོན་རྫས་ཀྱི་སྤུས་ཚད་གནད་དོན་དབང་གིས་ཆག་སྐྱོན་བྱུང་རྗེས་མཁོ་སྤྲོད་བྱེད་པའི་ཞབས་ཞུ་ཞིག་ཡིན་ལ། དེའི་ནང་དུ་སྤྱོད་མཁན་གྱིས་བེད་སྤྱོད་དང་བདག་གཉེར་བཟང་པོ་མ་བྱས་པར་ཆག་སྐྱོན་བྱུང་བ་མི་འདུ།
            ཐོན་རྫས་མི་འདྲ་བའི་འགན་ལེན་གསུམ་གྱི་གོ་ཆོད་དུས་ཡུན་མི་འདྲ་བས། ཚོང་གཉེར་མཁན་གྱི་ཞིག་གསོ་ཞབས་ཞུ་ཡང་མི་འདྲ་བ་རེད། འོན་ཀྱང《གཏན་འབེབས》ཀྱི་དོན་ཚན་དགུ་པ་དང་བཅུ་པའི་སྒྲིག་སྲོལ་ལྟར་ན། ཐོན་རྫས་ཚང་མ་འཛིན་ཤོག་བྲིས་པའི་ཉིན་ནས་བཟུང་བརྩི་ཆོག་ལ། ཉིན་བདུན་རིང་ཐོན་རྫས་ཀྱི་གཤིས་ནུས་ལ་ཆག་སྐྱོན་བྱུང་ཚེ། འཛད་སྤྱོད་པས་ཚོང་རྫས་ཕྱིར་སློག་པའམ་བརྗེ་བ། ཞིག་གསོ་བཅས་བྱེད་ཆོག ཉིན་བརྒྱད་ནས་བཅོ་ལྔའི་རིང་ཐོན་རྫས་ཀྱི་གཤིས་ནུས་ལ་ཆག་སྐྱོན་བྱུང་ཚེ། འཛད་སྤྱོད་པས་ཚོང་རྫས་བརྗེ་བའམ་ཞིག་གསོ་བྱེད་ཆོག འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་ཉོ་སྐབས་ཐོན་རྫས་ཀྱི་འགན་ལེན་གསུམ་གྱི་གོ་ཆོད་དུས་ཡུན་ལ་དོ་སྣང་བྱེད་དགོས། གསལ་བཤད་བྱེད་དགོས་པ་ཞིག་ལ་གོང་གི་ཞབས་ཞུ་རིགས་གསུམ་གྱི་འགྲོ་གྲོན་ཡོད་ཚད་ཚོང་གཉེར་མཁན་གྱིས་འགན་འཁུར་དགོས། 

རྩོམ་སྒྲིག་པ། ལྷ་འབྲུག