ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ལུས་ཤ་རིད་དུ་གཏོང་སྐབས་ནོར་འཁྲུལ་འདི་དག་མི་ཤོར་བ་བྱ་དགོས།

སྤེལ་དུས 2024-03-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
              ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《དར་མ་དང་བྱིས་པ། གཞོན་ནུ་ལོ་ཆུང་བཅས་ཤ་རྒྱགས་པའི་བཟའ་བཏུང་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་སྟོན་ནང་། རང་རྒྱལ་གྱི་ལོ་18དང་དེ་ཡན་གྱི་གྲོང་མིའི་ཁྲོད་ཤ་རྒྱགས་པ་ཆགས་ཚད་མང་དུ་འགྲོ་བའི་རྣམ་པ་མངོན་པ་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་ཤ་རྒྱགས་པ་ཆགས་ཚད་མགྱོགས་མྱུར་འཕར་ཡོད་ཅེས་བསྟན་ཡོད་རེད། འོ་ན། རང་ཉིད་རྒྱགས་པ་ཡིན་མིན་ཇི་ལྟར་བརྡར་ཤ་གཅོད་དགོས་སམ། ལུགས་མཐུན་ངང་བཟའ་བཏུང་དང་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཇི་ལྟར་བྱ་དགོས་སམ་ཞེ་ན།
              རང་རྒྱལ་གྱི་ལོ་18ཡན་གྱི་གྲོང་མིའི་ཁྲོད་ཤ་རྒྱགས་པ་ཆགས་ཚད་16.4%ཟིན་པ།
             ཕྱོགས་སྟོན་ནང་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་ལོ་18དང་དེ་ཡན་གྱི་གྲོང་མིའི་ཁྲོད་ཤ་རྒྱགས་པ་ཆགས་ཚད་16.4%ཟིན་པ་དང་། ལོ་6མན་གྱི་བྱིས་པ་རྒྱགས་པ་ཆགས་ཚད་3.6%ཟིན་པ། ལོ་6ནས་ལོ་17བར་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་ཚད་7.9%ཟིན་ཡོད། 1982ལོའི་སྐབས་སུ། རང་རྒྱལ་གྱི་ལོ་7ནས་ལོ་17བར་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་ཚད་0.2%ལས་ཟིན་གྱི་མེད།
             གྲོང་ཁྱེར་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་ཚད་ཅུང་མང་བ་དང་། གྲོང་གསེབ་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་ཆགས་ཚད་མགྱོགས་མྱུར་འཕར་ཡོད། ཞིབ་འཇུག་དང་སྔོན་དཔག་བྱས་པ་ལྟར་ན། 2030ལོར་སླེབས་དུས། རང་རྒྱལ་གྱི་མི་དར་མའི་ཁྲོད་ལྗིད་ཚད་ཚད་ལས་བརྒལ་བ་དང་ཤ་རྒྱགས་པ་ཆགས་ཚད་65.3%ཟིན་བཟོ་ཡོད་པ་རེད།

             ཕྱོགས་སྟོན་ནང་། ཚན་རིག་དང་མཐུན་པའི་སྒོ་ནས་ལུས་པོའི་ལྗིད་ཚད་ཡང་དུ་གཏོང་བར་གོམ་པ་རིམ་བགྲོད་ཀྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ་དང་། ལྗིད་ཚད་ཡང་དུ་གཏོང་བའི་དམིགས་ཚད་དེ་ཟླ་6གི་ནང་དུ་མིག་སྔའི་ལྗིད་ཚད་ཀྱི་5%~10%བར་ཡང་དུ་གཏོང་རྒྱུ་དེ་ཅུང་ཟད་ཚད་དང་མཐུན་པ་ཡིན་པ་དང་། ཟླ་རེར་སྤྱི་རྒྱ་2~4བར་ཡང་དུ་གཏོང་རྒྱུ་དེ་ལྗིད་ཚད་ཡང་དུ་གཏོང་བའི་ལུགས་མཐུན་གྱི་མྱུར་ཚད་ཡིན་ཞེས་བསྟན་ཡོད་པ་རེད།
             རང་ཉིད་རྒྱགས་པ་ཡིན་མིན་ཇི་ལྟར་བརྡར་ཤ་གཅོད་དགོས་སམ།
             གསོ་རིག་གི་ཐད་རྒྱགས་པར་ཚད་འཇལ་གྱི་ཚད་གཞི་གསལ་པོ་ཞིག་ཡོད་དེ། BMIསྟེ། ལུས་པོའི་ལྗིད་ཚད་ཀྱི་སྟོན་གྲངས་ཡིན།
             ལུས་པོའི་ལྗིད་ཚད་ཀྱི་སྟོན་གྲངས་ནི། ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་ག་ཚོད་ཡོད་པ་དེ་གཟུགས་པོའི་རིང་ཚད་ལ་སྨི་ག་ཚོད་ཡོད་པར་ཉིས་སྒྱུར་བྱས་པ་དེར་བགོས་ནས་ཐོབ་པའི་གྲངས་ཀ་དེ་ཡིན་ཏེ། དཔེར་ན་བུད་མེད་ཅིག་གི་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་60དང་གཟུགས་པོའི་རིང་ཚད་ལ་སྨི་1.60ཡོད་ན། 60÷1.60²བྱས་ན། ལུས་པོའི་ལྗིད་ཚད་སྟོན་གྲངས་དེ་ཧ་ལམ་23.44ཡིན།

             རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་མཛའ་གྲོགས་སྨན་ཁང་གི་འགོ་འཛིན་གཞོན་པ་ཀྲང་ཀྲུང་ཐའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལུས་པོའི་ལྗིད་ཚད་ཀྱི་སྟོན་གྲངས་དེ་18ནས་24བར་ཡིན་ན་རྒྱུན་གཏན་གྱི་ཁྱབ་ཁོངས་ཡིན་པ་དང་། 24ནས་28བར་ནི་ལྕི་དྲགས་པའི་ཁྱབ་ཁོངས་ཡིན། གལ་སྲིད་ལུས་པོའི་ལྗིད་ཚད་ཀྱི་སྟོན་གྲངས་དེ་28ལས་བརྒལ་ན་དེར་བཀག་འགོག་བྱ་ཐབས་ཧུར་ཐག་སྤྱོད་དགོས།
             མི་རྒྱགས་པ་རྣམས་ཀྱིས་བཟའ་བཏུང་ཇི་ལྟར་བྱེད་དགོས་སམ་ཞེ་ན། ནོར་འཁྲུལ་འདི་དག་མི་ཤོར་བ་བྱ་དགོས།
             ཕྱོགས་སྟོན་ནང་བཏོན་པའི་གྲོས་འགོ་ལྟར་ན། དར་མ་རྒྱགས་པ་རྣམས་ཀྱིས་བཟའ་བཏུང་བསྟེན་ཚུལ་ནི།
             ཕྱོགས་ཡོངས་ནས་དོ་སྙོམས་དང་སྣ་མང་ཅན་ཡིན་དགོས་པ་དང་། སྤྱིའི་ནུས་ཚད་སྡུད་ལེན་བྱེད་ཚད་ལ་ཚོད་འཛིན་བྱ་དགོས།
             བཟའ་བཅའི་ཚི་སྣ་མང་པོ་འདུས་པའི་ཟས་རིགས་མང་ཙམ་ཟ་དགོས།
             ཚིལ་དང་ཚྭ། མངར་ཆ། ཆང་བཅུད་བཅས་བཟའ་བཏུང་བྱ་རྒྱུར་ཚོད་འཛིན་ནན་པོ་བྱ་དགོས།

             བྱིས་པ་དང་གཞོན་ནུ་ལོ་ཆུང་རྒྱགས་པ་རྣམས་ནས་བཟའ་བཏུང་བསྟེན་ཚུལ་ནི།
             རྒྱགས་ཚད་མ་བཟའ་བར། གྲོད་པ་འགྲངས་ཚད་བཅུ་ཆ་བརྒྱད་ཙམ་ཟིན་ན་འགྲིག
             ཉའི་རིགས་དང་། སྔོ་ཚལ། སྲན་ཆེན་དང་དེའི་ཐོན་རྫས་གཞན་པ་བཟའ་བཏུང་བྱེད་ཚད་མང་དུ་གཏོང་དགོས།
             ཁ་ཟས་བཟས་པའི་ནུས་ཚད་དེ་ཉིན་རེའི་སྤྱིའི་ནུས་ཚད་ཀྱི་10%ལས་བརྒལ་མི་རུང་། 
             དགོང་མོའི་ཆུ་ཚོད་དགུ་པའི་རྗེས་སུ་བཟའ་བཏུང་བྱེད་མི་རུང་།
            ལྗིད་ཚད་ཡང་དུ་གཏོང་བའི་བརྒྱུད་རིམ་ཁྲོད། བྱིས་པ་དང་ན་གཞོན་རྒྱགས་པ་རྣམས་ཀྱིས་བཟའ་བཏུང་བྱེད་པའི་ཟས་རིགས་ཀྱི་ནུས་ཚད་དེ་རྒྱུན་ལྡན་དགོས་ཚད་ཀྱི་རྨང་གཞིའི་སྟེང་20%ཙམ་ཉུང་དུ་གཏོང་དགོས།

             ❌ནོར་འཁྲུལ་དང་པོ། འགུལ་སྐྱོད་ཁོ་ནར་བརྟེན་ན་ཤ་རིད་དུ་འགྲོ་ཐུབ་པར་འདོད་པ།
             ཤ་རིད་དུ་གཏོང་སྐབས་80%བཟའ་བཏུང་ལ་བརྟེན་པ་དང་20%འགུལ་སྐྱོད་ལ་བརྟེན་དགོས། རིགས་གཅིག་མཁས་ཅན་གྱིས“གོམ་པ་སྤོ་བ”ཁོ་ནར་བརྟེན་ན་ཤ་རིད་དུ་འགྲོ་མི་ཐུབ་སྟེ། གཙོ་བོ་དེ“ཁ་ལ་བདག་པོ་རྒྱག་དགོས”ཞེས་དྲན་སྐུལ་བྱས་ཡོད། དཔེར་ན། གཟུགས་པོའི་རིང་ཚད་འབྲིང་ཙམ་གྱི་མི་ཞིག་གིས་རྒྱུག་ཤར་གློད་སའི་འཕྲུལ་ཆས་སྟེང་སྐར་མ་30ཡི་རིང་དལ་མོར་བརྒྱུགས་པ་དེས་ཟད་གྲོན་ཐུབ་པའི་ཚ་དྲོད་དེ་ཁུ་ནག་ལྕགས་ཀྲིན་གཅིག་འཐུང་བ་དང་གཅིག་མཚུངས་ཡིན།
             ❌ནོར་འཁྲུལ་གཉིས་པ། དཀར་ཟས་ཟ་བའམ་ཡང་ན་གཙོ་ཟས་མི་ཟ་བའི་ཐབས་ལ་བརྟེན་ན་ཤ་རིད་དུ་འགྲོ་ཐུབ་པར་འདོད་པ།
               དཀར་ཟས་ཟ་བའམ་གཙོ་ཟས་མི་ཟ་བའི་ཐབས་ཀྱིས་ཤ་རིད་དུ་བཏང་ན། དུས་ཚོད་ཐུང་ངུའི་ནང་ལྗིད་ཚད་ཆག་ཐུབ་མོད། འོན་ཀྱང་ཡུན་རིང་རྒྱུན་འཁྱོངས་བྱེད་དཀའ་བ་མ་ཟད། ཞོར་སྐྱོན་ཡང་འབྱུང་སྲིད། དཔེར་ན། དུས་ཡུན་རིང་པོ་གཙོ་ཟས་མ་ཟས་ན་ཁྲག་མངར་དམའ་བ་དང་རྒྱུ་མའི་བྱེད་ནུས་རྒྱུན་ལྡན་མིན་པ་སོགས་ཀྱི་ནད་རྟགས་འབྱུང་སླ། གལ་ཏེ་དཀར་ཟས་ཁོ་ན་ཟ་བ་ལས་ཤ་མ་ཟས་ན་ལྕགས་བཅུད་མི་འདང་བའི་རང་བཞིན་གྱི་ཟུངས་ཁྲག་ཉམས་པ་དང་ཤ་གནད་ཉམས་པ་སོགས་ཀྱི་ནད་རྟགས་འབྱུང་སླ། གཞན་ཡང་། སྔོ་ཚལ་ཁག་གཅིག་ནང་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་འདུས་ཚད་དེ་འབྲས་ལས་དམའ་བ་མེད། དཔེར་ན་ཞོག་ཁོག་དང་དྭ་ཚོད(ཡུས་ཐོའུ) རི་ཡུང་། པད་རྩ་སོགས་མང་པོ་ཟས་ན་རྒྱགས་པ་ཆགས་སྲིད། 
               ན་ནིང་རང་རྒྱལ་གྱིས་ལྗིད་ཚད་ཡང་དུ་གཏོང་བའི་རྙིང་ཚབ་གསར་བརྗེའི་གཤགས་བཅོས་ཐེངས་35000ལྷག་བྱས་པ།
              བསྡོམས་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། ན་ནིང་རང་རྒྱལ་གྱིས་ལྗིད་ཚད་ཡང་དུ་གཏོང་བའི་རྙིང་ཚབ་གསར་བརྗེའི་གཤགས་བཅོས་35000ལྷག་བྱས་ཡོད། སྨན་པས་ངོ་སྤྲོད་བྱས་པ་ལྟར་ན། མི་ཚང་མ་ལྗིད་ཚད་ཡང་དུ་གཏོང་བའི་གཤགས་བཅོས་བྱ་རྒྱུར་འཚམ་པའི་ངེས་པ་མེད། འགུལ་སྐྱོད་དང་བཟའ་བཏུང་། སྨན་རྫས་སོགས་ཀྱི་ཐེ་གཏོགས་བྱ་ཐབས་ལ་ཕན་འབྲས་མ་ཐོན་པའི་སྔོན་འགྲོའི་ཆ་རྐྱེན་འོག ད་གཟོད་གཤགས་བཅོས་བྱ་རྒྱུར་བསམ་བློ་གཏོང་དགོས། གཞན་ཡང་ལྗིད་ཚད་ཡང་དུ་གཏོང་བའི་གཤགས་བཅོས་ནི་ཤ་རྒྱགས་པ་ཆགས་ནས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྐབས་སྤྱོད་པའི་བྱ་ཐབས་ཤིག་ཡིན་པ་དང་། གཤགས་བཅོས་བྱས་རྗེས་ད་དུང་བཟའ་བཏུང་དང་འགུལ་སྐྱོད་ཀྱི་གོམས་གཤིས་བཟང་པོར་བརྟེན་ནས་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ། ལྷ་འབྲུག