ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > གསར་ཤོས།

སའི་གོ་ལའི་གནམ་གཤིས་དྲོ་རུ་འགྲོ་ཚད་མགྱོགས་སུ་འགྲོ་བཞིན་པ་མངོན།

སྤེལ་དུས 2024-06-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             གོ་ལ་ཧྲིལ་པོའི་གྲགས་ཅན་ཚན་རིག་མཁས་པ50ལྷག་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་ཚད་དེ་སྔོན་ཆད་བྱུང་མ་མྱོང་བའི་འགྲོས་ཚད་ཐོག་ནས་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོའི་གྲས་སུ་དྲོད་ཁང་རླངས་གཟུགས་འབུད་ཚད་ཀྱིས་ཟིན་ཐོ་གསར་པ་བཏོད་པ་དེ་ཚུད་ཡོད་ཅེས་ཉེན་བརྡ་བཏང་འདུག

              སྙན་ཞུའི་གྲངས་གཞི་ལས་མངོན་པར། 2023ལོར། མིའི་རིགས་ཀྱི་བྱེད་སྒོའི་དབང་གིས་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གོང(1850ལོ་ནས1900ལོ་བར)གི་ཆུ་ཚད་ལས་ཧྲེ་ཧྲི་ཏུའུ1.31འཕར་ཡོད་པ་དང་། གལ་ཏེ་ཨེར་ཉི་ནུའོ་སོགས་གནམ་གཤིས་ཀྱི་སྣང་ཚུལ་ལའང་བསམ་གཞིགས་བྱས་ན། 2023ལོར་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གོང་གི་ཆུ་ཚད་དང་བསྡུར་ན་ཧྲེ་ཧྲི་ཏུའུ1.43འཕར་ཡོད་པ་རེད། 
             《ཕ་རི་སིའི་གྲོས་ཆོད》ནང་བཏོན་པའི་དྲོད་ཚད་ཚོད་འཛིན་དམིགས་འབེན་ལ་གཞིགས་ན། དུས་རབས་འདིའི་དུས་མཇུག་ཏུ་སླེབས་སྐབས། གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གོང་གི་ཆུ་ཚད་དང་བསྡུར་ན་འཕར་ཚད་ཧྲེ་ཧྲི་ཏུའུ2ཀྱི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་མ་ཟད། དྲོད་ཚད་འཕར་ཚད་ཧྲེ་ཧྲི་ཏུའུ1.5ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་ཆེད་འབད་བརྩོན་བྱ་དགོས་ཀྱི་ཡོད་པ་རེད།
              སྙན་ཞུའི་ནང་། གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་མོའི་ཁྲོད་ཀྱི་སྦགས་བཙོག་རིལ་རྡོག་ཇེ་ཉུང་དུ་སོང་བས་ཀྱང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་སོང་ཡོད། དེའི་རྒྱུ་མཚན་ནི་རིལ་རྡོག་དེ་དག་གིས་ཉི་མའི་རྩིབས་འཕྲོའི་ཆ་ཤས་ཤིག་འཇིག་རྟེན་བར་སྟོང་དུ་ཕྱིར་ལྡོག་འཕྲོ་བྱེད་ཐུབ་པས། ས་ངོས་ཀྱི་དྲོད་ཚད་དམའ་རུ་གཏོང་ཐུབ། ཡིན་ནའང་། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་སྔར་བཞིན་དྲོད་ཁང་རླངས་གཟུགས་ཕྱིར་འབུད་བྱས་པས་རེད་ཅེས་བསྟན་ཡོད།
             ཚན་རིག་མཁས་པ་རྣམས་ཀྱིས། གལ་ཏེ་གོ་ལ་ཧྲིལ་པོས་མུ་མཐུད་དུ་རྡོ་སོལ་དང་རྡོ་སྣུམ། རང་བྱུང་རླངས་བཅས་བེད་སྤྱད་ན། གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་མཐོ་རུ་འགྲོ་ཚད་དེ་ལོ4.5ཡི་ནང་ཧྲེ་ཧྲི་ཏུའུ1.5ཡི“སྒོ་ཐེམ”ལ་སླེབས་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག
             ཡིན་ནའང་སྙན་ཞུའི་ནང་ད་དུང་། མ་གཞི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་འགྱུར་རྡོ་འབར་སྣུམ་བེད་སྤྱོད་ཚད་མང་དུ་སོང་བ་ཕུད། མིའི་རིགས་ཀྱི་དབང་གིས་གནམ་གཤིས་འགྱུར་ལྡོག་མངོན་གསལ་དོད་པོས་མགྱོགས་སུ་འགྲོ་བའི་བདེན་དཔང་མེད་ཅེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། དཔལ་གཡང་།