ཟླ་3པའི་ཚེས་5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3པའི་ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟངས་འཛིན་ནན་པོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ་ང་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་གྱིས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དེང་ཚད་ལས་བརྒལ་བའི་སྒོ་ནས་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་སྲོལ་རྒྱུན་གྱི་ཐོན་ལས་ལ་སྣང་ཆུང་དང་དེ་བློས་བཏང་བ་ཞིག་མིན་པས་འུར་ཐེངས་གཅིག་ལ་སྤེལ་བ་དང་དོན་སྟོང་ཅན་ལ་འགྱུར་རྒྱུ་བཀག་འགོག་བྱེད་དགོས་ལ། རྣམ་པ་གཅིག་ཁོ་ན་བྱེད་མི་རུང་། ས་གནས་ཁག་གིས་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་འཛུགས་རྗེས་གཏོར་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད་བཅས་བྱས་ནས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཀྱི་ཆ་རྐྱེན་སོགས་ལ་གཞིགས་ཏེ་གདམ་ག་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱས་ཏེ་ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ལ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཚུའེ་ཐེ་ཅུན་དང་། ཀའོ་ཅི་ཧྥན། སུང་ཡན། ཝུའུ་ཧུའེ་ཧྥང་། ཝུའུ་ཤིན་མིང་། སུན་ཅིང་ནན་སོགས་འཐུས་མི་དྲུག་པོས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་དང་། ཀྲུང་གོའི་འོད་ཤུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན། ཐུན་མོང་ཕྱུག་འགྱུར་གྱི་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ལ་ཞབས་ཞུ། བཟོ་བོའི་སྙིང་སྟོབས་དར་སྤེལ་སོགས་ཀྱི་གནད་དོན་ཐད་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་གཏམ་བཤད་གསན་རྗེས་ཚང་མ་དང་སྤེལ་རེས་གནང་བ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གཏམ་བཤད་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མོས་མཐུན་ཡོད་ཅེས་གསུངས་པ་དང་། དེ་ནས་ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་སྟེ། ཅང་སུའུ་ཡིས་ཡིད་ཆེས་བརྟན་པོ་དང་། ངར་ཤུགས་གཅིག་སྒྲིམ། དཔའ་ངར་ཆེན་པོས་འགན་སྒྲུབ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཅང་སུའུ་ཡིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཆ་རྐྱེན་དང་ནུས་པ་བཟང་པོ་ལྡན་ཡོད། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུའི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་བརྟན་དུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་མགྱོགས་མྱུར་གཏོད་པ་བཅས་བྱས་ནས་ཅང་སུའུ་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་བྱ་ཐབས་གལ་ཆེན་སྔར་བས་ཇུས་འགོད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམིགས་ནས་རྒྱུ་ནོར་བདག་དབང་ལ་སྲུང་སྐྱོབ་དང་། ཁྲོམ་རར་ཞུགས་འཐུས། འགྲན་རྩོད་དྲང་གཞག སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་ནང་གནས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ཚན་རྩལ་སྒྲིག་སྲོལ་དང་། སློབ་གསོའི་སྒྲིག་སྲོལ། ཤེས་ལྡན་པའི་སྒྲིག་སྲོལ་སོགས་སྒྱུར་བཅོས་ཟབ་གཏོང་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་གནད་སྒྲོལ་ཐབས་བྱེད་དགོས། ཁྲོམ་ར་ཅན་དང་། ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་ཤོས་འཛུགས་སྐྲུན་རྒྱུན་མཐུད་བྱས་ནས་ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ལེགས་ཆ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་སོགས་རབ་དང་རིམ་པ་ལག་བསྟར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་ཡོད། ཅང་སུའུ་ཡིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཕྱོགས་ཡོངས་ནས་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བ་དང་། ས་ཁོངས་གཞན་དག་གི་འཕེལ་རྒྱས་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་དེ་བས་རྒྱ་ཆེ་བའི་ནང་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མཁོ་སྤྲོད་འཁོར་འབྲེལ་བཅས་བཙུགས་ནས་དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་ས་ཁོངས་དང་ཐ་ན་རྒྱལ་ཡོངས་འཕེལ་རྒྱས་ལ་ཁྱབ་འགྱེད་བྱེད་པའི་སྐུལ་ཁྲིད་ནུས་པ་དེ་བས་འདོན་སྤེལ་ལེགས་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མུ་མཐུད་སྲ་བརྟན་དང་ཤུགས་ཆེར་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བར་ཏང་ཡོན་ལས་བྱེད་པས་སྔོན་ལ་གདེང་ཚོད་བརྟན་པོ་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཡོ་བཅོས་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་བརྟན་པོ་གཏོང་བ་དང་རྒྱ་ཆེའི་མང་ཚོགས་ལ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། ལྷ་འབྲུག