གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ།
ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཚོགས་འདུར་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་20པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་165ཚོགས་འདུར་ཞུགས་པ་དང་ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་འདུར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་རེད། ཨུ་ཡོན་ཀྲང་གི་ཚོགས་འདུས་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ལས་དོན་སྙན་སེང་ཞུ་རྒྱུའི་མངགས་བཅོལ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། ཚོགས་འདུར་འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུར་ད་དུང་བསྐོ་འཐེན་གྱི་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཟུར་ཞུགས་མི་སྣའི་མཚན་ཐོ་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། དེ་བཞིན་དྲུང་ཆེ་ལིའུ་ཆི་བཅས་ཚོགས་འདུར་ཞུགས་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ལྷན་ཁག་གི་ཁོངས་མི། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཁག་གཅིག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་དགུ་པ་བྱས་པ་དང་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞུས་ཞན་མིང་གིས《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཁྲིམས་སྐྱོང》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད།
རྩོམ་སྒྲིག་པ། རིག་གྲོལ།