ལྕགས་སྒང་གྲོང་ཚོའི་རྣམ་པ་གསར་པ།
སྤེལ་དུས 2018-01-26
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
རྩོམ་པ་པོ། སྒྲོལ་མས་བསྒྲིགས།
རུ་ཐོག་རྫོང་རི་གསུམ་ཤང་གི་ལྕགས་སྒང་གྲོང་ཚོ་ནི་མངའ་རིས་ས་ཁུལ་གྱི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་70ཡོད།
2017ལོའི་ཟླ་11པའི་ཟླ་མཇུག་ཏུ་ང་ཚོ་བཅར་འདྲི་ཚོགས་ཆུང་ལྕགས་སྒང་གྲོང་ཚོར་ཕྱིན་པ་ཡིན། གྲོང་ཚོ་དེར་སླེབས་མ་ཐག་ཁོད་སྙོམས་པའི་གཤོངས་སའི་ཐོག་གྲལ་འགྲིག་པའི་བོད་བཟོའི་ཁང་པ་དང་། རྒྱ་ཆེ་ལ་འདྲོང་བའི་ཨར་འདམ་ལམ། མཛེས་ལ་སྤྱོད་གོ་ཆོད་པའི་གྲོང་མིའི་ཐང་ཆེན། བུ་བཅོལ་ཁང་། སྨན་བཅོས་ཁང་། གློག་སྒྲོན་སོགས་ཀྱི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་མཐོང་བྱུང་།
དེ་སྔའི་ལྕགས་སྒང་གྲོང་ཚོའི་སྐོར་གླེང་སྐབས། ལོ་70ལ་སླེབས་པའི་རྒད་པོ་བཀྲ་ཤིས་ཚེ་རིང་གིས“རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ལོ་རྒྱུས་སོགས་ཀྱིས་རྐྱེན་པས་སྔོན་མ་རང་ཁྱིམ་དང་གྲོང་ཚོའི་མི་ཚང་མ་ས་ཕག་གི་ཁང་པའི་ནང་སྡོད་པ་དང་ལམ་བུར་འདམ་བག་གིས་ཁེངས་ནས་འགྲོ་བདེ་པོ་མེད། ཐོན་སྐྱེད་དང་འཚོ་བ་ཐད་ད་ལྟ་དང་བསྡུར་ཐབས་མེད”ཅེས་བཤད།
2016ལོའི་ལོ་མཇུག་ཏུ་བཀྲ་ཤིས་ཚེ་རིང་གི་ཁྱིམ་མི་བདུན་ཚང་མ་རྒྱ་ཁྱོན་སྨི་ངོས་གྲུ་170ཡོད་པའི་སྡོད་ཁང་སྒོ་ར་རང་འགྲིག་ནང་སྤོས། “གཟིགས་དང་། ད་ལྟ་ང་ཚོ་སྡོད་སའི་ཁང་པར་སྒོར་ཁྲི་50ཙམ་ཡིན་མོད། འོན་ཀྱང་མ་དངུལ་མང་ཆེ་བ་རྒྱལ་ཁབ་ཀྱིས་བཏང་བ་དང་སོ་སོས་སྒོར་ཁྲི་6ལས་བཏོན་མེད། ངས་རང་ཉིད་ཀྱིས་དངུལ་སྒོར་ཁྲི་2བཏང་ནས་ཁྱིམ་ཆས་ཉོས་པ་ཡིན”ཞེས་བཀྲ་ཤིས་ཚེ་རིང་གིས་ང་ཚོ་གུ་ཡངས་ཤིང་དཀར་ཆ་དོད་པའི་ཁོང་གི་སྡོད་ཁང་ལ་ལྟ་སྐོར་བྱེད་པར་ཁྲིད་ནས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།
མིག་སྔར་ལྕགས་སྒང་གྲོང་ཚོར་དུད་ཚང་185ཡི་མི་691ཡོད་པ་དང་། 2016ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8060བྱུང་ཡོད། མཐའ་མཚམས་གྲོང་ཚོ་ཡིན་པའི་ལྕགས་སྒང་གྲོང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན། སྡོད་ཁང་གསར་པ་བརྒྱབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བས། ཁོང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། གྲོང་མི་ཚོའི་སེམས་ཁམས་ལའང་འགྱུར་ལྡོག་ཆེན་པོ་བྱུང་བ་ནི། མཐའ་མཚམས་ས་ཁུལ་དུ་བདེ་སྡོད་ལས་བརྩོན་བྱས་ནས་མེས་རྒྱལ་གྱི་ས་ཆ་བརྟན་སྲུང་དང་འཛུགས་སྐྲུན་བྱེད་འདོད་ལྷག་པར་ཡོད་པ་དེ་ཡིན།
2015ལོར་ལྕགས་སྒང་གྲོང་ཚོའི་དུད་ཚང་182ཀྱི་མི་682(དུད་ཚང་དབུལ་པོ་42ཚུད་པ)ཚང་མས་སྒོར་1000བཏོན་ཏེ་མ་རྐང་ནང་ཞུགས་ནས་བྱེ་རྡོ་ར་བ་ཞིག་བསྐྲུན་སྟབས་གྲོང་ཚོའི་ནང་གི་མི་23ལས་ཞུགས་ཐུབ་ཡོད། ལོ་དེའི་ལོ་མཇུག་ཏུ་ཡོང་འབབ་ཁེ་གཙང་སྒོར་ཁྲི་120བྱུང་བའི་ཁྲོད་དུད་ཚང་དབུལ་པོ་རེར་བགོ་འགྲེམ་སྒོར་5000བརྒྱབ་པས། 2015ལོར་དུད་ཚང་དབུལ་པོ་18དབུལ་ཕོངས་ཀྱི་གནས་ལས་གྲོལ་བ་དང་། མི་རེའི་ས་ནས་མ་རྐང་ནང་ཞུགས་པའི་སྒོར་1000བསྡུས་པ་གཞིར་བཟུང་གྲོང་མི་གཞན་དག་མི་རེར་ལོ་རེར་སྐྱེད་ཀ་སྒོར་450སྤྲད་པ་རེད།
ད་ཆ་ལྕགས་སྒང་གྲོང་ཚོར་བྱེ་རྡོ་ར་བ་ཕུད་ས་ཕག་བཟོ་གྲྭ་དང་། སྡོང་ཕྲུག་རྟེན་གཞི། དབུལ་སྐྱོར་གྱི་རླངས་འཁོར་འཁྲུད་ས། ཞིང་འབྲོག་པའི་ཨར་པོའི་རུ་ཁག་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་མཉམ་ལས་རྩ་འཛུགས་མང་པོ་ཡོད། ལྕགས་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཅའོ་ཡུན་པེའོ་ཡིས་མཉམ་སྡེབ་དཔལ་འབྱོར་དེ་དག་ལས་2016ལོར་ལྕགས་སྒང་གྲོང་ཚོའི་གྲོང་མི་ཚང་མར་ཡོང་འབབ་སྒོར་550འཕར་མ་བྱུང་ཡོད། ང་ཚོས་འབྱུང་འགྱུར་གྲོང་ཚོའི་མཉམ་སྡེབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་སྤྱོད་པའི་མ་དངུལ་མི་ཉུང་བ་ཞིག་ཉར་ཡོད། དབུལ་སྐྱོར་གྱི་རླངས་འཁོར་འཁྲུད་སར་ཆ་མཚོན་ན། ལོ་ལྟར་གྲོང་ཚོའི་དུད་ཚང་དབུལ་པོ་གཉིས་ཀྱིས་རྒྱན་འཕེན་ནས་གཉེར་སྐྱོང་བྱེད་པ་དང་ལོ་རེར་གྲོང་ཚོའི་མཉམ་ལས་རྩ་འཛུགས་ལ་མ་དངུལ་སྒོར་5000སྐྱེལ་དགོས་པ་དང་ཁང་གླ་ནི་གཉེར་སྐྱོང་བ་སོ་སོས་སྤྲོད་དགོས་པ་དང་ལོ་རེར་ཁེ་བཟང་སྒོར་ཁྲི་10ཡོད་པས། དུད་ཚང་རེར་སྒོར་ཁྲི་5ཡོང་གི་ཡོད་ཅེས་བཤད།
2017ལོའི་ཟླ་10ཚེས་29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི་འཕྲིན་ལན་ནང་སྤྱི་ཁྱབ་ཧྲུའུ་ཅིས“རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་གཞིས་ཡོད་པ་དང་། རྒྱལ་ཁབ་ཀྱི་མཐའ་མཚམས་ལ་བདེ་འཇགས་མེད་ཚེ་ཁྱིམ་ཚང་ཁྲི་སྟོང་གི་དུས་བདེ་ཡོང་ག་ལ་སྲིད། མེས་རྒྱལ་ས་ཁོངས་ནང་གི་རྩྭ་དང་རྩི་ཤིང་ཚང་མར་ང་ཚོས་ལྟ་སྐྱོང་ཡག་པོ་བྱེད་དགོས”ཞེས་འཁོད་ཡོད། མི་རབས་ནས་མི་རབས་བར་ལྕགས་སྒང་གྲོང་ཚོར་འཚོ་བ་སྐྱེལ་མཁན་བཀྲ་ཤིས་ཚེ་རིང་དང་ཐ་ན་ལྕགས་སྒང་བ་མང་པོའི་ངོས་ནས་བརྗོད་ཚེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནི་གཅེན་གཅུང་གཉིས་ལ་སྤྲིངས་པ་ཞིག་ཡིན་ལ་ལྕགས་སྒང་བ་ཚོར་ཡང་སྤྲིངས་པ་ཞིག་རེད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་གནང་བའི་འཕྲིན་ལན་དེ་མཐའ་མཚམས་ཀྱི་གྲོང་མི་ཚང་མར་གནང་བའི་མངགས་བཅོལ་ཟབ་མོ་ཞིག་ཡིན་པས་དེ་ནི་གཟི་བརྗིད་ལྷག་པར་ཆེ་ལ་ཆེས་དགའ་འོས་པའི་བྱ་བ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཕ་ཚ་བུ་རྒྱུད་ལ་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་བསྲུངས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས་པའི་སློབ་གསོ་རྒྱག་གི་ཡིན”ཞེས་བཀྲ་ཤིས་ཚེ་རིང་གིས་སེམས་འགུལ་ཟབ་མོ་ཐེབས་པའི་ངང་གྲོང་མི་ཡོངས་ཀྱི་སྙིང་གཏམ་བརྗོད་པ་རེད།