ཟླ་4ཚེས་25དང་26ཉིན། ཧྥུའུ་ཅན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་འབྲེལ་མཐུད་ལ་རྟོག་ཞིབ་བྱས་ཤིང་། འདི་ནི་དབྱིན་ལི་དང་ཝང་ཅུན་ཀྲེང་གིས་དཔའ་ཤོད་རྫོང་ཡིད་ཆེན་ཤང་སྣེའུ་ཆུང་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་རྡོ་དགའི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།
ཧྥུའུ་ཅན་དང་བོད་ལྗོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚེས་25དང་26ཉིན། ཧྥུའུ་ཅན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་འབྲེལ་མཐུད་ལ་རྟོག་ཞིབ་བྱས་པ་རེད། ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དབྱིན་ལི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་མ་ཟད། ཧྥུའུ་ཅན་དང་བོད་ལྗོངས་དབར་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་བཞུགས་མོལ་ཡང་གནང་བ་རེད། ཚོགས་འདུའི་ཐོག་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་མཐོ་ཚད་ཐོག་ལངས་པ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཞུགས་པ་བཅས་བྱས་ཏེ་ཧྥུའུ་ཅན་དང་བོད་ལྗོངས་དབར་གྱི་སྤེལ་རེས་མཉམ་ལས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
དབྱིན་ལི་དང་ཝང་ཅུན་ཀྲེང་གིས་དཔའ་ཤོད་རྫོང་ཡིད་ཆེན་ཤང་གི་སྣེའུ་ཆུང་གྲོང་ཚོ་དང་། ཐང་གའི་བཀྲག་རྩིའི་རི་མོའི་རིག་གནས་བོད་སྐྱོར་རྣམ་གྲངས། བོད་ཕག་ཐོན་ལས་གྲངས་འཛིན་ལྟེ་གནས། བོད་སྐྱོར་ཐོན་རྫས་ཉམས་ལེན་ལྟེ་གནས་བཅས་སུ་རྟོག་ཞིབ་གནང་ནས་བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་མ་ཟད། ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པར་འཚམས་འདྲིའང་གནང་བ་རེད། ཚོགས་འདུའི་ཐོག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་དང་། ལག་རྩལ། ཁྲོམ་ར་བཅས་ཀྱི་ལེགས་ཆ་དང་རང་ལྗོངས་ཀྱི་སྲིད་ཇུས་དང་། ཐོན་ཁུངས། རྗེས་ཐོན་ལེགས་ཆ་ཟུང་འབྲེལ་བྱེད་པ་དང་། ཁྱད་ལྡན་དམངས་ཕྱུག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བཅས་བྱས་ནས་ཐོན་ལས་དར་ཞིང་རྒྱས་པ་དང་འཚོ་བ་སྐྱིད་པོ་ཡོང་བར་བྱེད་དགོས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས“བདག་པོའི”ཉམས་འགྱུར་ཐོག་ནས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ནང་ཧུར་ཐག་ཞུགས་པ་དང་། ལུས་སེམས་གཉིས་ཀ་གནས་ཐུབ་པའི་མི་དམངས་མཐུན་སྒྲིལ་གྱི་ཕོ་ཉ་ཡག་པོ་བྱེད་པ། ཧྥུའུ་ཅན་དང་བོད་ལྗོངས་དབར་གྱི་འགྲོ་འོང་དང་སྤེལ་རེས་ཀྱི་འབྲེལ་ཟམ་བསྐྲུན་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུཌ་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
བཞུགས་མོལ་གནང་རིང་། དབྱིན་ལི་ཡིས་བོད་ལྗོངས་མེས་རྒྱལ་གྱི་ལྷོ་ནུབ་མཚམས་སུ་གནས་པ་དང་ཧྥུའུ་ཅན་མེས་རྒྱལ་གྱི་ཤར་ལྷོའི་མཚམས་སུ་གནས་ཤིང་། ས་ཆ་གཉིས་དབར་ལེ་དབར་ཁྲི་ཕྲག་ཆོད་ཀྱང་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་གྲས་ཤིག་རེད། ང་ཚོས་བོད་ལྗོངས་དང་མཉམ་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཉམ་དུ་བརྟན་པོ་བཙུགས་ཏེ་བོད་སྐྱོར་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་འཁྱོངས་བྱ་རྒྱུ་དམིགས་སར་བྱས་ནས་ཧྥུའུ་ཅན་དང་བོད་ལྗོངས་ཀྱི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་བཏང་སྟེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། བོད་སྐྱོར་རྣམ་གྲངས་དམིགས་སར་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་སྐུལ་ཁྲིད་མཐའ་འཁྱོངས་བྱེད་པ། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་ནས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་འདེམས་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་གཉིས་པོའི་སློབ་གྲྭ་དང་སྨན་བཅོས་སྒྲིག་གཞི་སོགས་དབར་ཆ་སྒྲིག་རོགས་སྐྱོར་བྱེད་ཟབ་ཏུ་བཏང་སྟེ་ཆབ་མདོའི་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཧྥུའུ་ཅན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཏེ་ཧྥུའུ་ཅན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ཧྥུའུ་ཅན་ཞིང་ཆེན་གྱིས་སྔར་ནས་བཟུང་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དཔལ་འབྱོར་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། རིག་གནས་བོད་སྐྱོར། རིག་སྟོབས་བོད་སྐྱོར་སོགས་ཐད་ལས་དོན་འབོར་ཆེན་བསྒྲུབས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་རྟོགས་ངང་བོད་ཀྱི་ལས་དོན་ཁག་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་སྟེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ་དང་། “དོན་ཆེན་བཞི”ལ་དམིགས་པ། “འཛུགས་གཏོད་བཞིར”གཙོ་ཤུགས་འདོན་པ་བཅས་བྱས་ནས། སྙིང་རུས་གཏན་འཁྱོངས་དང་ཤུགས་སྣོན་ཆད་མེད་ཀྱིས་བོད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་ཆུད་ཟོས་སུ་གཏོང་མི་རུང་། ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཁ་གཏད་རོགས་སྐྱོར་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས་བོད་སྐྱོར་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། བོད་སྐྱོར་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་གནས་གཉིས་པོར་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ནས་ཧྥུའུ་ཅན་དང་བོད་ལྗོངས་དབར་གྱི་མཉམ་ལས་སྔར་བས་ཇེ་ཟབ་ཏུ་འགྲོ་བའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།