ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

སྔོན་ཐོན་ལག་རྩལ་དེ་བས་མང་བ་ས་མཐོར་འཇོག་གི་ཡིན།

—— སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་བོད་སྐྱོར་རིགས་གཅིག་མཁས་པའི་ལས་དོན་སྐོར་གྱི་ཟུར་བཀོད།

སྤེལ་དུས 2023-12-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་བོད་སྐྱོར་སྨན་པ་ཡན་ཁྲའོ་ཝུའུ་ཡིས་བོད་ཀྱི་ལས་རོགས་ཚོའི་སྣེ་ཁྲིད་དེ་གཤགས་བཅོས་བྱེད་བཞིན་པ།
             “ཡིན་ཅིག་ལམ་ལྷོངས་ཡོང་བར་བྱེད་དགོས” “ལམ་ལྷོངས་ཡོང་ངེས་རེད”ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྙིང་དང་བྲང་ཁོག་ཕྱི་བཅོས་ཚན་ཁག་གི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ཡན་ཁྲའོ་ཝུའུ་ཡིས་ལས་རོགས་ཀྱི་རོགས་རམ་འོག་ལྗིད་ཏིག་ཏིག་གི་ཞ་གོས་གྱོན་པའི་ཁར་གཤགས་བཅོས་ཀྱི་ཆས་སྤྲོས་ཞོར་ལས་རོགས་ཚོར་སྐུལ་ལྕག་ཀྱང་གཏོང་བཞིན་ཡོད།
              ལས་རོགས་ཚོས་གཞོགས་འདེགས་དམ་ཟབ་བྱས་པ་དང་། སྐར་མ50ཙམ་གྱི་གཤགས་བཅོས་ཛ་དྲག་པོ་བྱས་རྗེས་ལྗོངས་ཡོངས་ཀྱི་གློ་བའི་འཕར་རྩའི་གཤགས་བཅོས་བདེ་བླག་བྱུང་བ་རེད། ཡན་ཁྲའོ་ཝུའུ་ཡིས“དེ་རིང་གི་གཤགས་བཅོས་ནི་གློ་བའི་འཕར་རྩའི་གཤགས་བཅོས་དཀྱུས་མ་དང་མི་འདྲ་བར་གཤགས་བཅོས་འདི་རིགས་རྒྱལ་ནང་དང་ཐ་ན་གོ་ལ་ཧྲིལ་པོར་སྤེལ་ཧ་ཅང་ཉུང་བས་དཀའ་ཚད་ཆེ་བའི་གཤགས་བཅོས་ཤིག་རེད། འོན་ཀྱང་གཤགས་བཅོས་འདི་ལམ་ལྷོངས་ཡོང་ངེས་ཡིན་པའི་གདེང་ཚོད་ཡོད”ཅེས་བཤད།
             གཤགས་བཅོས་བྱེད་སྐབས་དགེ་རྒན་ཆེ་མོ་བ་ཡན་ཁྲའོ་ཝུའུ་ཡིས་གཤགས་བཅོས་ཁང་དུ་ཐབས་ཇུས་ཞིབ་ཚགས་བཏིངས་པ་དང་། བོད་ཀྱི་ལས་རོགས་ལ་གཤགས་བཅོས་ཀྱི་མཛུབ་ཁྲིད་བྱེད་ཞོར་དུ་བརྙན་ཤེལ་ལ་བལྟས་ནས་ནད་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་ཅིང་། མཐར་གཤགས་བཅོས་ལམ་ལྷོངས་བྱུང་བ་རེད།
             པེ་ཅིང་ཀྲུང་གོ་གསོ་རིག་ཚན་རིག་ཁང་རིམ་ཕྱིའི་སྨན་ཁང་གི་གྲུབ་ཆའི་རང་བཞིན་གྱི་སྙིང་ནད་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཡན་ཁྲའོ་ཝུའུ་ཡིས་བོད་སྐྱོར་ལོ་གཅིག་བྱེད་རིང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ“དགེ་ཕྲུག”དེ་བས་མང་བ་སྐྱོང་རྩིས་ཡོད་པ་རེད།
             ཡན་ཁྲའོ་ཝུའུ་ཡིས“དུས་ཡུན་ཐུང་བས། ངས་རྒྱུན་གཏན་གྱི་གཤགས་བཅོས་གང་ཐུབ་ཅི་ཐུབ་ཀྱིས་ཡག་པོ་བྱེད་པ་དང་དུས་མཚུངས། ལས་རོགས་ཚོའི་སྣེ་ཁྲིད་དེ་སྔར་བས་རྙོག་འཛིང་ཆེ་བའི་ནད་གཞིར་ཚོད་ལྟ་བྱས་ནས་སྔོན་ཐོན་ལག་རྩལ་དེ་བས་མང་བ་ས་མཐོར་འཇོག་གི་ཡིན”ཞེས་བཤད།
             2015ལོ་ནས་བཟུང་། ཀྲུང་དབྱང་རྩ་འཛུགས་པུས་སྣེ་ཁྲིད་པ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ་དང་། སྣེ་འཁྲིད་མཁན་སྨན་ཁང་པེ་ཅིང་ཞེ་ཧོ་སྨན་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད། མིག་སྔར། དགེ་རྒན་ཆེ་མོ་བ་ཡན་ཁྲའོ་ཝུའུ་ཚུད་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དགུའི་རུ་མིས་བོད་སྐྱོར་གཅིག་རྗེས་གཉིས་མཐུད་དུ་བྱས་ཡོད། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ནད་ཆེན་ཐ་སྐྱོང་དང་ནད་ཆེན་རིགས300ལྷག་ཙམ་བོད་ནས་བཅོས་ཐུབ་པའི་གདེང་ཚོད་ལ་འདེགས་སྐྱོར་བྱས་ཡོད།
             སྨན་ཁང་གི་ལྟེ་གནས་ཆེ་གྲས་ལྔ་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། རྒྱལ་ཁབ་ཀྱི་ཚད་གཞིའི་བྲང་ནད་ལྟེ་གནས་དང་རྒྱལ་ཁབ་མཐོ་རིམ་གྲིབ་བཅོས་ལྟེ་གནས་འཛུགས་སྐྲུན་ཚན་པའི་སྒོ་བྱང་བཀལ་བས་ཀྲུང་གོ་རྨས་སྐྱོན་སྐྱོབ་བཅོས་མནའ་འབྲེལ་རྨས་སྐྱོན་སྐྱོབ་བཅོས་ལྟེ་གནས་འཛུགས་སྐྲུན་ཚན་པར་གྱུར་པ། ཉེན་ཚབས་ཆེ་བའི་སྦྲུམ་མ་དང་དམར་འབྱར་གྱི་སྐྱེད་མ་སྐྱོབ་བཅོས་ལྟེ་གནས་དང་ཉེན་ཚབས་ཆེ་བའི་དམར་འབྱར་སྐྱོབ་བཅོས་ལྟེ་གནས་ལ་རང་སྐྱོང་ལྗོངས་ཀྱི་བསྐྱར་ཞིབ་ལོན་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྣེ་ཁྲིད་ཚན་པར་བྱས་པའི“1+7+13”གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ཡིས་ས་མཐོའི་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་བསྲུངས་ཡོད།
             “སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པ”དང“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”སོགས་ཀྱི་བྱེད་ཐབས་བརྒྱུད། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་བོད་སྐྱོར་ལས་དོན་སྤེལ་བ་དེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། པེ་ཅིང་ཞེ་ཧོ་སྨན་ཁང་གི་ཡོན་ཀྲང་གཞོན་པ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་ཕེང་པིན་གྱིས། འདས་ཟིན་པའི་ལོ་གཅིག་རིང་སྨན་ཁང་གིས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ19རེ་འདུན་ཞུས་པ་དང་། ཕ་ཅིན་སེན་དང་ཁྲག་རྩའི་ཕྱི་བཅོས་ཚན་ཁག་སོགས་ཆེད་ལས་ཚན་ཁག་གི་སྒོ་བསྟེན་སྨན་ཁང7མང་དུ་བཏང་ནས་སྨན་ཁང་གི་ནད་བརྟག་སྨན་བཅོས་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད་ཅེས་བཤད།
             བོད་སྐྱོར་བྱེད་པར་ལག་རྩལ་ཐོག་ནས་རོགས་སྐྱོར་བྱེད་དགོས། བོད་སྐྱོར་སྨན་པས་ཆེད་ལས་ཚན་ཁག་གི་སྒོ་བསྟེན་སྨན་ཁང་འཛུགས་རོགས་བྱས་པས་ཞབས་ཞུའི་རྣམ་པ་ཅུང་ཡག་ཏུ་སོང་ཡོད། ཕེང་པིན་གྱིས“ང་ཚོས་སྤྲོ་སྣང་ལྡན་པའི་སྨན་བཅོས་ཞབས་འདེགས་ཞུས་ཏེ་མང་ཚོགས་ཚོས་སྨན་པ་བསྟེན་རྒྱུར་སྟབས་བདེ་སྐྲུན་པའི་གཅིག་འཐུས་རྣམ་པའི་ཞབས་ཞུའི་ཚོམས་ཆེན་བཙུགས་ཡོད། སྨན་པ་བསྟེན་རིང་གི་མང་ཚོགས་ཀྱི་བསམ་འཆར་དེ་བས་ཤེས་རྟོགས་བྱ་ཆེད། འདི་ལོ་སྨན་ཁང་གི་འགོ་ཁྲིད་པས་སྣེ་ལེན་ཞུ་བའི་ཉིན་མོ་གཏན་འཁེལ་བྱས་པ་མ་ཟད། རྒན་རྒོན་མཛའ་གྲོགས་སྨན་ཁང་འཛུགས་སྐྲུན་དང་སྨན་བཅོས་སྣེ་ཤན་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྨན་ཁང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད”ཅེས་བཤད།
             “གཞན་རྟེན”དགོས་ལ་ད་དུང“རང་བརྟེན”ཡང་བྱེད་དགོས། འདས་ཟིན་པའི་ལོ་གཅིག་རིང་། པེ་ཅིང་ཞེ་ཧོ་སྨན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཕྱོགས་གཉིས་ཀ་ནས་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད། བོད་སྐྱོར་རིགས་གཅིག་མཁས་ཅན་དང་ཁོང་ཚོས་འཁྲིད་པའི་ས་གནས་འདི་གའི་རྐང་འཛིན་སྨན་དོན་པ་བཅུ་གྲངས་དབར“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་པའི་རོགས་ཁྲིད་གྲོས་མཐུན་བཞག་ནས“སློབ་ཁང་ཆུང་ངུ”དང་དགེ་སློབ་ཀྱི་འབྲེལ་གཏུག་ཚོགས་འདུ་སོགས་བརྒྱུད་ན་གཞོན་སྨན་པའི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་བཏང་བ་མ་ཟད། སྨན་དོན་པ24སྔ་རྗེས་སུ་ཁག་གཉིས་ལ་བགོས་ནས་པེ་ཅིང་ཞེ་ཧོ་སྨན་ཁང་དུ་ཟླ་བ་གསུམ་ནས་ལོ་གཅིག་བར་ཟབ་སྦྱོང་སློབ་སྦྱོང་ལ་མངགས་ནས་སེམས་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྦྱོང་བྱས་པ་རེད།
             ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོ། པེ་ཅིང་ཞེ་ཧོ་སྨན་ཁང་གིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པའི་ལས་དོན་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་འདུ་འཚོགས་པ་རེད། པེ་ཅིང་ཞེ་ཧོ་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཕེང་པིན་གྱིས་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པའི་རུ་མི་ཚོའི་སྣེ་ཁྲིད་དེ་སྨན་བཅོས་དོ་དམ་ལེགས་སུ་དང་། “རང་རྟེན”རོགས་སྐྱོར། ས་ཁོངས་ཁྱབ་འགྱེད། ནད་ཆེན་ཐ་སྐྱོང་། རིག་གཞུང་སྣེ་ཁྲིད་དང་དེ་བཞིན་ལས་སྟེགས་ཀྱི་འདེགས་སྐྱོར་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཕེང་པིན་སོགས་མི10ལ“བོད་སྐྱོར་གྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ”ཐོབ་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།