1994ལོར་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། ཁ་གཏད་བོད་སྐྱོར་ལས་དོན་དེ་ལོ་ངོ30ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་ཡོད། ལོ་ངོ30ཡི་རིང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་གཅིག་གིས་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་མི་སེམས་འགུལ་བའི་ལེའུ་མང་པོ་བརྩམས་ཏེ་ས་མཐོའི་ས་གཞི་དེའི་འཕེལ་རྒྱས་དང་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་བཅུ་པའི་བོད་ལྗོངས་སུ་བསྐྱོད་ཚུན། པེ་ཅིང་དང་ལྷ་ས་ས་གནས་གཉིས་ཀྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བོད་སྐྱོར་བཀོད་འདོམས་པུའུ་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་དགེ་སྒྲུབ་ཀྱི་ཚད་གཞི་མཐའ་འཁྱོངས་དང་། ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་བཅངས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བཅས་བྱས་ནས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ང་ཚོས【བོད་སྐྱོར་ལས་བྱེད་པའི་ཉམས་འགྱུར】ཞེས་པའི་གནས་འཕྲིན་རབ་དང་རིམ་པ་བསྟུད་མར་བཏོན་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོངས་ཀྱིས་ས་མཐོའི་ས་ཁུལ་དེའི་ཐོག་སེམས་ཤུགས་དང་རྔུལ་ཆུར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི “བོད་སྐྱོར་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་གསལ་འགྲེལ་རྒྱག་བཞིན་ཡོད་པ་གསོན་ཉམས་དོད་པོས་མངོན་ཡོད།
བོད་ལྗོངས་སུ་བརྗིད་ཉམས་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་ལ། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་སྨན་པ་ཁག་གཅིག་ཀྱང་ཡོད། ཁོང་ཚོས་འགྱུར་མེད་ཀྱི་དད་སེམས་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ས་མཐོའི་བུ་ཕྲུག་ཚོར་བདེ་ཐང་དང་རེ་བ་སྦྱིན་བཞིན་ཡོད།
རྒྱལ་སའི་གསོ་རིག་སློབ་ཆེན་ཞོན་ཝུའུ་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་ནས་ཡོང་བའི་ན་གཞོན་བུད་མེད་འབུམ་རམས་པ་ཧོའུ་ཡུའེ་ཡིས“‘ཚོགས་སྒྲིག་རྣམ་པའི’སྨན་བཅོས་བོད་སྐྱོར་གྱི་དཔུང་ཁག་ནང་ཞུགས་ཐུབ་པ་ནི་སྨན་བཅོས་ལག་རྩལ་རྒྱུན་འཛིན་གྱི་ལས་འགན་ཕྲག་ཐོག་ཏུ་འཁུར་བ་ཙམ་མ་ཟད། གངས་ལྗོངས་ས་མཐོར་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ་དེ་བས་ཀྱང་ཡིན”ཞེས་བཤད་པ་དང་། ཁོང་གིས་སྨན་བཅོས་བྱ་གཞག་ལ་དགའ་ཞེན་དང་བོད་རིགས་སྤུན་ཟླར་བརྩེ་སེམས་ཟབ་མོ་བཅངས་ནས2023ལོའི་ཟླ8པར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་དུ་གྱུར།
དེ་སྔོན། ཞོན་ཝུའུ་སྨན་ཁང་ནས་ཡོང་བའི་ཆེད་མཁས་པ་དྲུག་གིས“སྨན་ཁང་རེས་ཚན་ཁག་རེ་འགན་ལེན་བྱེད་པའི”རྣམ་པ་བརྒྱུད་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཞིང་། བརྒྱུད་སྤྲོད་བྱེད་མཁན་ཨང་བདུན་པ་ཡིན་པའི་ཧོའུ་ཡུའེ་ཡིས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ཧ་ཅང་ལྕི་བ་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས་ཐོག་མར་དབང་རྩའི་ཁོག་ནད་ཚན་ཁག་གི་འགན་འཁུར་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན“ཐོག་མར་ཚན་ཁག་ཏུ་སླེབས་སྐབས། ཆ་རྐྱེན་དཀའ་ཚེགས་ཆེ་བ་མཐོང་ནའང་སྨན་དོན་མི་སྣའི་སྤྲོ་སེམས་དང་ཡིད་ཆེས་ལས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་མྱོང་ཚོར་ཟབ་མོའི་ངང་བཤད།
བོད་རང་སྐྱོང་ལྗོངས་ཀྱི་རང་ཚུགས་ནད་ཁང་ཡོད་པའི་དབང་རྩའི་ཁོག་ནད་ཚན་ཁག་དང་པོ་ཡིན་པའི་ངོས་ནས་ཚན་ཁག་གི་སྒྲིག་སྲོལ་འཛུགས་པ་དང་། རིག་ཚན་འཕེལ་རྒྱས་གཏོང་ཕྱོགས། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་གནད་དོན་འཕྲལ་དུ་ཐག་གཅོད་བྱེད་དགོས་ཤིང་། ཁོང་གིས་འཕྲལ་དུ་ལས་དོན་སྒྲུབ་འགོ་བཙུགས་ཏེ་ས་གནས་དེ་གའི་ཚན་ཁག་གི་ཀྲུའུ་རེན་དང་འབྲེལ་གཏུག་དང་སྤེལ་རེས་གཏིང་ཟབ་བྱས་ནས་ཚན་ཁག་གི་འཕེལ་རྒྱས་འཆར་གཞི་མཉམ་དུ་བཟོས་པ་སྟེ“ང་ཚོས་དབང་རྩའི་མ་ལག་གི་རྒྱུན་མཐོང་ནད་རིགས་ཀྱི་ཆེད་ལས་སྨན་བཅོས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས། དབང་རྩའི་ཁོག་ནད་ཚན་ཁག་གི་ཆེད་ལས་ཕལ་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀླད་པའི་གཟའ་གྲིབ་དང་བརྒྱལ་གཟེར་སྨན་བཅོས་ཀྱི་ལེགས་ཆ་གྲུབ་པར་བྱེད་དགོས་ལ། གཉིད་མི་ཁུག་པ་དང་སེམས་ལུས་ནད་སོགས་ཁྱད་ལྡན་ཚན་ཁག་གི་མ་ལག་ཅིག་ཀྱང་གྲུབ་པར་བྱེད་དགོས”ཞེས་ཧོའུ་ཡུའེ་ཡིས་ཚིག་ཐག་ཆོད་པོ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
ཧོའུ་ཡུའེ་ཡི་སྣེ་ཁྲིད་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་གིས་བོད་ལྗོངས་ནང་ཁུལ་དུ་ཡུན་རིང་བརྙན་ལམ་ཀླད་དཔྱད་གློག་རིས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉིན་གཅིག་གི་བརྒྱལ་གཟེར་ནད་ཁང་གི་ལས་དོན་སྔོན་ལ་སྤེལ་བ་དང་། བརྒྱལ་གཟེར་ལྟེ་གནས་འཛུགས་སྐྲུན་གྱི་ལམ་ལུགས་མང་པོ་བཟོ་བའི་ནང་ཞུགས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་བརྒྱལ་གཟེར་ཆེད་ལས་ཚན་ཁག་གི་སྨན་པའི་ཆུ་ཚད་ཁས་ལེན་ཐོབ་པའི་སྨན་པ4དང་རྒྱལ་ཡོངས་ཀྱི་ཀླད་དཔྱད་གློག་རིས་ཀྱི་ཆེད་ལས་ཆུ་ཚད་ཁས་ལེན་ཐོབ་པའི་སྨན་པ2གྲུབ་འབྲས་ཐོབ་པའི་ངང་གསོ་སྐྱོང་བྱས་ཡོད།
ཚན་ཞིབ་དང་སློབ་ཁྲིད་ནི་ཚན་ཁག་ཡུན་རིང་འཕེལ་རྒྱས་ཀྱི་གཤོག་ཟུང་དང་འདྲ་ཞིང་། ཧོའུ་ཡུའེ་ཡིས་ཚན་ཞིབ་ཀྱི་འཆར་ཅན་ཚོགས་འདུ་སྒྲིག་འཛུགས་བྱས་ནས་ཚན་ཁག་གི་ཚན་ཞིབ་གནས་ཚུལ་མཐིལ་རྟོགས་བྱས་པ་དང་འབྲེལ། ཚོགས་པའི་སྣེ་ཁྲིད་དེ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ་བཅས་ཀྱི་ཞིབ་འཇུག་བྱ་གཞིའི་ཞིབ་འཇུག་ནང་ཧུར་ཐག་ཞུགས་ཡོད། ཁོང་གི་སྐུལ་འདེད་འོག་ཚན་ཁག་གིས་རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་མང་པོའི་ཡན་ལག་ལྟེ་གནས་ཀྱི་ལས་འགན་འཁུར་བ་མ་ཟད། ད་དུང་ཞིང་ཆེན་རིམ་པའི་ཞིབ་འཇུག་བྱ་གཞི་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་ཞིབ་འཇུག་བྱེད་བཞིན་པའི་རྣམ་གྲངས་མང་པོ་ཞིག་ཀྱང་ཡོད།
ཧོའུ་ཡུའེ་ཡིས་ད་དུང་དགེ་རྒན་གྱིས་སློབ་ཕྲུག་ཁྲིད་པའི་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་མ་ཟད། སྣོད་བསྟུན་སློབ་ཁྲིད་ཀྱིས་ནད་ཐོག་སྨན་བཅོས་སློབ་ཁྲིད་ལ་མཐོང་ཆེན་བྱེད་ལ་ཚན་ཞིབ་གསོ་སྐྱོང་ལའང་གལ་ཆེ་མཉམ་འཛིན་བྱེད་ཀྱི་ཡོད་པས་ཚན་ཁག་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ན་གཞོན་སྨན་པ་ཁག་གཅིག་གསོ་སྐྱོང་ཐུབ་ཡོད། ཧོའུ་ཡུའེ་ཡིས“ན་གཞོན་སྨན་པ་དེ་དག་རིམ་བཞིན་འཚར་ལོངས་བྱུང་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་འདུག ས་གནས་དེ་གའི་སྨན་པའི་ནུས་པ་དངོས་འབྲེལ་ཆེ་རུ་ཕྱིན་ཚེ་གཞི་ནས་བོད་ལྗོངས་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་རྗེས་ལུས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཐུབ”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
བོད་སྐྱོར་བྱེད་རིང་། ཧོའུ་ཡུའེ་ཡིས་བོད་རང་སྐྱོང་ལྗོངས་དང་། ཆུས་དང་རྫོང་ཁག་དང་། སྨན་ཁང་གི་ཕྱི་རོལ། སྨན་ཁང་གི་ནང་། ཚན་ཁག་ནང་བཅས་ལ་སློབ་ཁྲིད་དམ་གསོ་སྦྱོང་ཐེངས50ལྷག་ཙམ་བྱས་པ་དང་། སྨན་ཁང་དབར་དང་སྨན་ཁང་ནང་གི་དཀའ་གནད་དང་ཉེན་ཚབས་ཆེ་བའི་ནད་པར་ལྷན་འཛོམས་བརྟག་དཔྱད་ཐེངས20ལྷག་ཙམ་ནང་ཞུགས་ལ། འོས་འགན་སྨན་བཅོས་ཐེངས25ལེགས་སྒྲུབ་བྱས་པ་དང་། དགེ་འདུན་པ་དང་མི་སེར་མི་ཐེངས8000ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པས། ཁོང་གི་གཟུགས་བརྙན་བོད་ལྗོངས་ཀྱི་ས་ཆ་གང་སར་ཁྱབ་ཡོད།
དཀའ་བ་སྤྱད་ཚེ་འབྲས་བུ་ཐོབ་སྟེ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབང་རྩའི་ཁོག་ནད་ཚན་ཁག་ལ2023ལོའི་ལོ་འཁོར་གྱི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་དང་། ནད་སྐྱོང་ཚོགས་པ2023ལོའི་ལོ་འཁོར་གྱི་ཕུལ་བྱུང་ནད་སྐྱོང་ཚོགས་པར་བདམས་པ། ཧོའུ་ཡུའེ་མི་སྒེར་ལའང2023ལོའི་ལོ་འཁོར་གྱི་ཕུལ་བྱུང་མི་སྒེར་གྱི་མཚན་སྙན་ཐོབ་ཡོད།
“གཟི་བརྗིད་དེ་དག་ཚོགས་པ་ཧྲིལ་པོར་དབང་བ་ཞིག་རེད་ལ། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་རེད”གཟི་བརྗིད་དང་བསྔགས་བརྗོད་དེ་དག་གི་མདུན་དུ་ཧོའུ་ཡུའེ་ཡིས་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་དང་དྲིན་ཚོར་གྱི་སེམས་པ་རྒྱུན་འཁྱོངས་བྱེད་ཅིང་། ཁོང་གིས“ངས་རང་ཉིད་ཀྱིས་བསྒྲུབ་འོས་པའི་བྱ་བ་བསྒྲུབས་པ་ཙམ་ཡིན། བོད་ལྗོངས་ཀྱི་སྨན་བཅོས་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཤིག་སྐྱེས་སུ་འབུལ་ཐུབ་པས་གཟི་བརྗིད་དང་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག”ཅེས་བཤད།
ཟླ་བ་དགུ་རིང་འཚོལ་ཞིབ་དང་ལག་ལེན་གཏིང་ཟབ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཤིག་བདེ་བླག་ངང་བཙུགས་ནས། བརྒྱལ་གཟེར་ཆེད་ལས་ཚན་ཁག་གི་སྨན་པ་མེད་པ་ནས་ཡོད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་བརྒྱལ་གཟེར་ལྟེ་གནས་ལ་རེ་ཞུ་བྱེད་པའི་ཐོག་མའི་བླང་བྱ་དང་ཡང་མཐུན་ཡོད།
མདུན་ལམ་འོད་ཟེར་ལྡན་པ་ཡིན་མོད་ཀྱང་། རྒྱང་སྐྱོད་ལམ་བུ་སྔར་བཞིན་རིང་པོ་ཡོད།“རྒྱུན་མཐུད་གསར་གཏོད་དང་ལེགས་སུ་གཏོང་རྒྱུ་ནི་ང་ཚོས་འབད་བརྩོན་ལྷོད་མེད་བྱེད་ས་ཞིག་ཡིན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་དབང་རྩའི་མ་ལག་གི་ནད་གཞི་ཆེད་ལས་སྨན་བཅོས་ཀྱི་ནུས་པ་དང་སྨན་བཅོས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་དབང་རྩའི་ཁོག་ནད་ཚན་ཁག་དེ‘ནད་གཞི་ཚབས་ཆེན་བོད་ལྗོངས་སུ་སྨན་བཅོས་ཐུབ་པའི’ཐ་སྐྱོང་སྨན་ཁང་གི་ཆེད་ལས་ཚན་ཁག་ཏུ་གཏོད་རྒྱུའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཐུབ་པའི་བརྩོན་ལེན་གྱིས་སྨན་བཅོས་ཆུ་ཚད་སྐས་རིམ་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད”ད་ལོའི་ཟླ5པར་བསམ་བློ་ཞིབ་ཚགས་བཏང་བ་བརྒྱུད་ཧོའུ་ཡུའེ་ཡིས་རྩ་འཛུགས་ལ་མུ་མཐུད་ལོ་གཅིག་བོད་སྐྱོར་བྱ་རྒྱུའི་རེ་ཞུ་གཟབ་ནན་ངང་ཕུལ་ཞིང་། སེམས་ཐག་དེ་ཁོང་གིས་ས་ཆ་དེར་བཅངས་པའི་བརྩེ་སེམས་ཟབ་མོ་ཞིག་ཡིན་པ་མ་ཟད། སྨན་བཅོས་བྱ་གཞག་ལ་ཡིད་ཆེས་ཚད་མེད་དང་དོན་གཉེར་ཞིག་དེ་བས་ཀྱང་ཡིན།”
“ཀྲུང་གོའི་གུང་ཁྲན་ཏང་ཡོན་ཞིག་ཡིན་ངོས་ནས་བརྒྱུད་རིམ་དེའི་ནང་ཞུགས་ཐུབ་པ་དང་འབྲེལ་བརྒྱུད་རིམ་དེ་བདེན་དཔང་ཡང་བྱེད་ཐུབ་པ་ནི་བདེ་སྐྱིད་ཅིག་ཡིན། མ་གཞི་དཀའ་ངལ་མང་པོ་འཕྲད་སྲིད་ཀྱང་རིག་ཚན་འཛུགས་སྐྱོང་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གིས་ས་གནས་དེ་གའི་མི་སེར་གྱི་བདེ་ཐང་ཐད་རོགས་རམ་ཆེན་པོ་ཐུབ་པ་དང་འབྲེལ་སྲུང་སྐྱོང་ཡང་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་ལ། རྒྱལ་ཁབ་ཀྱིས་དར་སྤེལ་བཏང་བའི་སྨན་བཅོས་བོད་སྐྱོར་གྱི‘རང་བརྟེན’ནུས་པ་འདོན་དགོས་པའི་གོ་དོན་ལའང་གོ་བ་སྔར་བས་གཏིང་ཟབ་ལོན་བྱུང”ཞེས་ཧོའུ་ཡུའེ་ཀྱིས་བཤད་པ་དང་། ཁོང་གི་རེ་འདུན་ཞུ་ཡིག་གི་ནང་དུའང“བོད་སྐྱོར་ལས་དོན་ནི་ལས་འགན་ཞིག་ཡིན་ལ་གཟི་བརྗིད་ཅིག་ཀྱང་ཡིན”ཞེས་བྲིས་ཡོད། “བོད་ལྗོངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་། སྨན་བཅོས་བྱ་གཞག་ལ་བཅངས་པའི་དགའ་ཞེན། རང་རྒྱལ་གྱི་ས་མཐོའི་གསོ་རིག་ཞིབ་འཇུག་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཐོག་མའི་བསམ་འདུན་དང་ལས་འགན་ནི་ཁོང་གི་སེམས་སུ་ནམ་ཡང་ཟད་མཐའ་མེད།”
རྩོམ་སྒྲིག་པ། དཔལ་གཡང་།