ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

ད་ལོར་བོད་ལྗོངས་ལ་ལག་རྩལ་བོད་སྐྱོར་གྱི་རོགས་སྐྱོར་རྣམ་གྲངས21ཡོད་པ།

སྤེལ་དུས 2021-07-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཟླ7པའི་ཚེས4ཉིན། བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱིས་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི2021ལོའི་ལོ་འཁོར་གྱི་ལག་རྩལ་བོད་སྐྱོར་ལས་དོན་སྤེལ་མགོ་ཚུགས་པའི་ཚོགས་འདུ་བསྡུས་ཏེ། ཕྱོགས་ཡོངས་ནས་ལག་རྩལ་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། ད་ལོའི་ལག་རྩལ་བོད་སྐྱོར་ནང་ཆེད་མཁས་པ18ཀྱིས་རྣམ་གྲངས21ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། དེ་དག་ལྷ་ས་དང་ནག་ཆུ། མངའ་རིས་བཅས་གྲོང་ཁྱེར་དང་ས་ཁུལ3ལ་འབྲེལ་བ་ཡོད་ཅིང་། དེའི་ནང་ལྷ་སར་རྣམ་གྲངས14དང་། ནག་ཆུར་རྣམ་གྲངས4། མངའ་རིས་ལ་རྣམ་གྲངས3བཅས་ཡོད། རྣམ་གྲངས་ནང་ཚད་འཇལ་དང་། ཚད་གཞི། ཟས་རིགས་བདེ་འཇགས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་སོགས་ཆེད་ལས་ལག་རྩལ་ཁྱབ་ཁོངས་ཚུད་ཡོད་པ་དང་། ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་དང་དཔྱད་ཆས་སྒྲིག་པ། དངོས་སུ་ལག་ལེན་བཀོལ་སྤྱོད་བྱེད་པ། གཅིག་སྡུད་སྒོས་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ཡོད། རྣམ་གྲངས་ལག་བསྟར་བྱེད་པའི་དུས་ཚོད་ནི་ཟླ7པའི་ཚེས5ནས་ཚེས10ཉིན་བར་ཡིན།
           ལག་རྩལ་བོད་སྐྱོར་ནི་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་བོད་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད། 2019ལོ་དང2020ལོར་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཚན་རྩལ་ནོར་དོན་སི་ཡིས་བསྟུད་མར་ལོ་གཉིས་རིང་ལག་རྩལ་བོད་སྐྱོར་ལས་དོན་སྒྲིག་འཛུགས་བྱས་ནས། བསྡོམས་པས་ཆེད་མཁས་པ84མངགས་གཏོང་བྱས་པ་དང་ལག་རྩལ་རོགས་སྐྱོར་རྣམ་གྲངས87ལག་བསྟར་བྱས་ཏེ། ས་གནས་དེ་གར་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལག་རྩལ་གྱི་ཞན་ཆ་ཐག་གཅོད། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
           རྗེས་མར། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ད་ལོར་གཏན་འཁེལ་བྱས་པའི་ལག་རྩལ་བོད་སྐྱོར་རྣམ་གྲངས་དོན་འཁྱོལ་ཡག་པོ་དང་ལེགས་འགྲུབ་ཡག་པོ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་ཚད་འཇལ་ཁང་དང་། དམིགས་བསལ་ཞིབ་བཤེར་ཁང་། སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ཁང་། ཚད་གཞི་ཅན་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་རང་འགུལ་ངང་ལག་རྩལ་ཆེད་མཁས་པ་དང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། འབྲེལ་མཐུད་སྙན་སེང་གཏིང་ཟབ་བྱས་ནས་ཚན་ཞིབ་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། རང་ངོས་ཀྱི་ཐག་གཅོད་བྱེད་དཀའ་བ་དང་འཕྲལ་མར་མཁོ་བའི་ཚན་ཞིབ་རྣམ་གྲངས་ཁག་གཅིག་སྤེལ་བར་རྒྱབ་སྐྱོར་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།  །
རྩོམ་སྒྲིག་པ། བདེ་སྒྲོལ།