《ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་སྡེ་ཁག་བརྒྱད་ཀྱིས〈རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་སློབ་གསོའི་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་གྱི་ཇུས་གཞིའི་སྐོར་གྱི་བརྡ་ཐོའི》དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་ཆེད། ཀྲེ་ཅང་ཅ་ཤིང་དང་སི་ཁྲོན་ཏེ་དབྱང་གི་དགེ་རྒན10མཛོད་དགེ་རྫོང་སློབ་འབྲིང་དུ་ཡོང་སྟེ། སློབ་གསོའི་བྱ་བཞག་ལེགས་སྤེལ་སྒོས་མཛོད་དགེ་རྫོང་གི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་རོགས་སྐྱོར་ལས་ཀར་ཟབ་ཞུགས་བྱས་ཏེ། མཛོད་དགེ་རྫོང་གི་སློབ་གསོའི་བྱ་གཞག་བཞུད་ལམ་གསར་བ་དང་སྐས་རིམ་གསར་བར་འཛེག་པར་རམ་འདེགས་གནང་།
སྟོན་མགོ་མའི་རྩྭ་ཐང་དུ་གནམ་གཤིས་དྲོ་གྲང་འཇམ། ཉི་ཤར་གྱི་ཐོག་མར་མཛོད་དགེ་རྫོང་སློབ་འབྲིང་དུ་དཔེ་ཀློག་གི་སྐད་སྒྲ་ལྷང་ལྷང་དུ་གྲག་བཞིན་ཡོད། ཀྲེ་ཅང་ཅ་ཤིང་ནས་ཡོང་བའི་དགེ་རྒན་ཀྲང་ཅན་པིན་གྱིས་ལས་དོན་ཁང་གི་ཁོངས་མིར་སློབ་ཚན་གྱི་བརྗོད་དོན་གཙོ་བོར་དམིགས་ནས། རང་ཉིད་ཀྱི་ལྟ་སྟངས་སྤེལ་རེས་བྱེད་བཞིན་ཡོད།
ཀྲེ་ཅང་གི་རོགས་སྐྱོར་ལས་བྱེད་པ་མཛོད་དགེ་རྫོང་སློབ་འབྲིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སློབ་གཙོ་ཀྲང་པིན་གྱིས་བཤད་རྒྱུར། 2022ལོར་ཀྲེ་ཅང་ཅ་ཤིང་གི་དགེ་རྒན་བཞི་དང་སི་ཁྲོན་ཏེ་དབྱང་གི་དགེ་རྒན་དྲུག་ཚོགས་སྒྲིག་བྱས་ཏེ། མཛོད་དགེ་རྫོང་དུ་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་སྤེལ། ཞིང་ཆེན་གཉིས་དང་ས་གནས་གསུམ་གྱི་སྲིད་འཛིན་དང་སློབ་སྟོན་སྡེ་ཁག་གི་མཛུབ་ཁྲིད་འོག སློབ་གྲྭའི་བཅོས་སྐྱོང་ཆུ་ཚད་དང་སློབ་གསོའི་སློབ་ཁྲིད་སྤུས་ཚད། དགེ་རྒན་དཔུང་ཁག་གི་ནུས་པ་དང་སློབ་མའི་ཕྱོགས་བསྡུས་བྱང་ཚད་བཅས་མཐོ་རུ་བཏང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་རྒྱབ་སྐྱོར་དང་རྩེ་གྲ་ཇུས་འགོད་ལེགས་སྒྱུར། སློབ་སྒྲུབ་རོགས་འདེགས་མ་ལག་གསར་གཏོད་བཅས་བྱས་པ་བརྒྱུད། གྲུབ་འབྲས་མཉམ་སྤྱོད་ཀྱི་སྣ་འཛོམས་ཅན་གྱི་ཞིབ་འཇུག་སློབ་སྦྱོང་ལག་བསྟར་སྒོས། ཀྲེ་ཅང་ཅ་ཞིན་དང་སི་ཁྲོན་ཏེ་དབྱིང་གི་སྤུས་ལེགས་ཐོན་ཁུངས་བེད་སྤྱད་དེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་བཏང་། ལོ་གཅིག་གི་རིང་ལ་སློབ་གྲྭའི་བཅོས་སྐྱོང་ཆུ་ཚད་དང་དགེ་རྒན་དཔུང་ཁག་གི་ནུས་པ། སློབ་གསོའི་སློབ་ཁྲིད་སོགས་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་ཕྱིན། དགེ་རྒན་ལ་རྫོང་རིམ་པ་དང་དེའི་ཡན་གྱི་གཟི་བརྗིད་མཚན་སྙན་མི་ཐེངས50ལྷག་ཙམ་ཐོབ། དེ་ལས་དགེ་རྒན་གཅིག་ལ་སི་ཁྲོན་ཞིང་ཆེན་གྱི་སློབ་ཁྲིད་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། དེ་ནི་རྔ་བ་ཁུལ་སློབ་འབྲིང་ཁག་གི་བྱ་དགའ་མཐོ་ཤོས་རེད། དགེ་རྒན་དྲུག་གིས་རྫོང་རིམ་པའི་འཛིན་བདག་དགེ་རྒན་གྱི་གཞི་རྩའི་ནུས་པའི་འགྲན་བསྡུར་ཁྲོད་མཐོ་དམའ་འབྲིང་གི་བྱ་དགའ་ཚང་མ་བླངས། དུས་མཚུངས་སུ་2023ལོའི་མཐོ་རྒྱུགས་ཁྲོད་སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན། དངོས་གཞིར་འགྲིམ་ཚད་སློབ་གསོ་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དམིགས་འབེན་གྱི་བརྒྱ་ཆ218ཟིན། དངོས་གཞི་རིམ་པ་དང་པོར་འགྲིམ་ཚད2022ལོ་ལས་ལྡབ་བཞི་འཕར། དངོས་གཞི་དང་ཆེད་སྦྱོང་དུ་འགྲིམ་ཚད་བརྒྱ་ཆའི་བརྒྱ་ཟིན། རྗེས་སོའི་ལས་ཀའི་ཁྲོད་ང་ཚོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕུལ་བྱུང་ཐོན་ཁུངས་འཚོལ་ཞིབ་བྱས་ཏེ། མཛོད་དགེ་རྫོང་གི་སྤུས་ལེགས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ངེས་ཡིན་ཟེར།
ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་བྱེད་ཤེས་ལྡན་པས་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས། མཛོད་དགེ་རྫོང་གིས་རིག་ནུས་ཀྱི་གོ་སྐབས་དམ་འཛིན་སྒོས། གཅིག་ནས་མཛོད་དགེའི་གླེང་སྟེགས་ཀྱི་སྣེ་ཁྲིད་ལག་བསྟར་བྱས་ཏེ། གྲགས་ཅན་དགེ་རྒན་གྱི་ལས་དོན་ཁང་མཉམ་སྐྱོད་རྣམ་གྲངས་གསར་གཏོད་བྱས་ནས། ཐོན་ཁུངས་རྒྱ་བསྐྱེད་དང་འཆད་ཁྲིད་སློབ་ཁྲིད། མིག་དཔེ་སྟོན་པ་དང་བྱེད་སྒོ་སྤེལ་བ་སོགས་ཀྱི་ལམ་ནས། ཚོགས་པས་ཚོགས་པ་གསོ་སྐྱོང་བྱེད་ཐབས་ཞིབ་ཕྲ་བཟོས། མིག་སྔར་ཁུལ་རིམ་པའི་གྲགས་ཅན་ལས་དོན་ས་ཚིགས1དང་རྫོང་རིམ་པའི་གྲགས་ཅན་དགེ་རྒན་ལས་དོན་ཁང5བཙུགས། གཉིས་ནས་སྨྱུག་གསར་འཆར་གཞི་ལག་བསྟར་བྱས་ཏེ། སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་དངོས། བརྗོད་གཞི། ཚན་རིག་ཞིབ་འཇུག དོ་དམ། ཞབས་ཞུ་བཅས10+Nཡི་རྣམ་པ་སྤྱད་ནས། ཁྱོན་ཡོངས་དང་བརྒྱུད་རིམ་ཧྲིལ་བོ། ཁོངས་མི་ཡོངས་ཅན་བཅས་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི་གསོ་སྦྱོང་ལམ་སྲོལ་རིམ་སྤོར་ལེགས་སྒྱུར་བྱས། གསུམ་ནས་སློབ་ཁྲིད་འགྲན་བསྡུར་བྱེད་སྒོ་སྤེལ་ནས། རིག་ཚན་ཡོངས་སུ་ཁྱབ་པ་དང་ཁོངས་མི་ཡོངས་ཞུགས་པ། འཚོལ་ཞིབ་གསར་བ་བྱེད་པ། ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་བ་བཅས་ཀྱི་ལས་ཀའི་རིག་ལམ་གཞིར་བཟུང་སྟེ། དུས་མཚམས་བགོས་ནས་སྐུལ་མ་བཏང་ནས། རྒྱུན་མི་ཆད་པར་བསྡུར་སློབ་སྙེག་བརྒལ་ཁྲོད་དགེ་རྒན་གྱི་བྱང་ཚད་མཐོར་བཏང་།
མཛོད་དགེ་རྫོང་སློབ་འབྲིང་གི་སློབ་མ་འཕེལ་རྒྱས་ཁང་གི་ཀྲུའུ་རེན་སུའུ་ཁའེ་རྨིན་གྱིས་བཤད་རྒྱུར། ད་ཐེངས་ཀྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ཚོགས་པར་ཀྲེ་ཅང་གི་དགེ་རྒན་བཞི་དང་ཏེ་དབྱང་གི་དགེ་རྒན་དྲུག་སྟེ་བསྡོམས་པའི་དགེ་རྒན་བཅུ་ཡོད། ཚང་མ་ཆེད་མཁས་པ་རེད་ཟེར་ན་ཆོག ང་ཚོས་སློབ་གསོའི་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོའི་དོ་དམ་སོགས་ཕྱོགས་གང་ཐད་ནས་བློ་སྒོ་འབྱེད་པ་དང་མཛུབ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན། དུས་ཡུན་ཐུང་ཐུང་ལོ་གཅིག་གི་རིང་ལ་ང་ཚོའི་སློབ་གྲྭའི་ཕྱོགས་གང་ཐད་ནས་འགྱུར་ལྡོག་བྱུང་བ་དེ། རོགས་སྐྱོར་ཚོགས་པའི་ཁྲིད་སྟོན་དང་འབྲལ་ཐབས་མེད། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ཚོགས་པའི་ཁྲིད་སྟོན་འོག ང་ཚོ་རྩྭ་ཐང་གི་སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བར་ཡིད་ཆེས་བརྟན་པོ་ཡོད་ཟེར།
སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ཀྲེ་ཅང་ཅ་ཤིང་དང་སི་ཁྲོན་ཏེ་དབྱང་གི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་གྱི་དགེ་རྒན་ཚོས་རང་ཉིད་ཀྱི་སློབ་གསོའི་བརྩེ་སེམས་ལ་བརྟེན་ནས། དཀའ་ངལ་ལ་མ་འཛེམས་པར་རོགས་སྐྱོར་གྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་། ས་མཐོའི་མཁའ་དབུགས་དང་ཆ་རྐྱེན་ངན་པའི་དཀའ་ངལ་ཁྱད་གསོད་བྱས་ཏེ། མཛོད་དགེའི་སློབ་གསོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་མཁོ་འདོན་བྱས།
མཛོད་དགེ་རྫོང་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་རྫོང་གི་འཛིན་བདག་དགེ་རྒན་གྲགས་ཅན་ལས་སྒྲུབ་ཁང་གི་གཙོ་སྐྱོང་བ་ཝེ་ཅིང་གིས་བཤད་རྒྱུར། ང་ཚོ་མཛོད་དགེ་རྫོང་སློབ་འབྲིང་གིས་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལ་བརྟེན་ཏེ། ཏེ་དབྱང་ཅ་ཞིང་དང་ཐུན་མོང་གི་སློབ་གསོའི་ཞིབ་འཇུག་ལམ་ནས། སློབ་གསོའི་ནང་སྙིང་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ལོ་གཅིག་རིང་གི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་འོག་བདག་ལ་ཕན་ཆེན་པོ་ཐོགས། ཏེ་དབྱང་སློབ་འབྲིང་ལྔ་པའི་དགེ་རྒན་ཀུའོ་ཀང་གི་ཁྲིད་སྟོན་འོག དབྱིན་ཡིག་སློབ་ཁྲིད་ཐད་ནས་བདག་ལ་ཡར་ཐོན་ཆེན་པོ་བྱུང་། ཏེ་དབྱང་ཝང་ཞིན་དགེ་རྒན་གྲགས་ཅན་ལས་སྒྲུབ་ཁང་གི་རོགས་སྐྱོར་འོག བདག་ནི་ཚད་གཞིར་མཐུན་པའི་འཛིན་བདག་དགེ་རྒན་ཞིག་ཏུ་གྱུར། ཡིན་ཡང་ད་དུང་བདག་ལ་འབད་པ་བྱེད་དགོས་ས་མང་བོ་ཡོད། ང་ཚོས་གྲོང་གསེབ་ཀྱི་དགེ་རྒན་གྲགས་ཅན་ལས་སྒྲུབ་ཁང་བཙུགས་ཡོད། ང་ཚོར་དམིགས་ཡུལ་གཅིག་ལས་མེད་དེ། དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པ་དང་དགེ་རྒན་གྱི་འཐུས་མིར་འགྱུར་བ་དང་། སློབ་མའི་སེམས་ཁོང་གི་དགེ་རྒན་བཟང་བོ་བྱེད་རྒྱུ་དེ་ཡིན་ཟེར།
མཛོད་དགེ་རྫོང་སློབ་འབྲིང་གི་མཐོ་གཉིས་པའི་འཛིན་གྲྭ་གསུམ་པའི་སློབ་མ་བློ་གྲོས་དབང་མོས་བཤད་རྒྱུར། ང་ཚོའི་འཛིན་གྲྭར་ཏེ་དབྱང་དང་ཀྲེ་ཅང་གི་རོགས་སྐྱོར་དགེ་རྒན་མང་བོ་སླེབས་ཡོད། ཕྲན་གྱིས་ཁོ་ཚོའི་གམ་ནས་ཤེས་བྱ་མང་བོ་རྟོགས་པར་མ་ཟད། སློབ་སྦྱོང་བྱེད་ཐབས་མང་བོ་རྟོགས་སོང་། དེ་སྔོན་ཕྲན་ཏེ་དབྱང་དུ་སློབ་སྦྱོང་ལ་བསྐྱོད་པ་ཡིན། ཐེངས་དེའི་གོ་སྐབས་ཤིན་ཏུ་བཟང་ལ་དེར་ཕྲན་གྱིས་ཤེས་བྱ་གང་མང་རྟོགས་སོང་། མ་འོངས་པར་ཕྲན་གྱིས་རྒྱུན་མི་ཆད་པར་སློབ་སྦྱོང་ལ་འབད་རྒྱུ་ཡིན།
སློབ་གསོ་འཕེལ་ན་རྒྱལ་ཁབ་འཕེལ། སློབ་གསོ་དར་ན་རྒྱལ་ཁབ་དར། རོགས་སྐྱོར་དགེ་རྒན་རྣམས་ཀྱིས་བརྩེ་བ་ངོ་མས་རོགས་སྐྱོར་རྒྱུན་འཁྱོངས་སྒོས། མཛོད་དགེ་རྫོང་གི་དགེ་རྒན་དང་མཉམ་དུ་ཕན་ཚུན་སློབ་སྦྱོང་བྱས་ཏེ། དོན་དམ་པར་སློབ་གྲྭ་གཅིག་ལ་རོགས་སྐྱོར་བྱེད་ཅིང་ས་ཁུལ་གཅིག་ལ་མིག་དཔེ་འདོན་པ། དཔུང་ཁག་གཅིག་སྐྱེད་སྲིང་བྱེད་པ། འཇོན་མི་གསར་བ་སྐོར་ཞིག་གསོ་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས། ནུས་ཤུགས་ཡོད་རྒུས་སློབ་གསོའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། དཔལ་གཡང་།