བོད་ལྗོངས་ཚོང་དོན་ཐིན་གྱིས་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱེད་པར་རོགས་སྐྱོར་བྱས།
སྤེལ་དུས 2020-05-29
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཉིན་འགའི་རིང་ལ། བོད་ལྗོངས་ཀྱི་ཁེ་ལས་རིགས་སོ་སོས་སྔ་གཞུག་ཏུ་ལས་ཐོན་བསྐྱར་ཚུགས་བྱས་ལ། བོད་ལྗོངས་ཚོང་དོན་ཐིན་གྱིས་རང་འགུལ་གྱིས་བྱ་བ་སྒྲུབ་ཏེ། བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཀྱིས་ལས་ཐོན་བསྐྱར་ཚུགས་བྱེད་པར་རོགས་སྐྱོར་བྱས། ཉེ་ལམ། གསར་འགོད་པས་བོད་ལྗོངས་ཚོང་དོན་ཐིན་ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་པ་སངས་སྒྲོལ་དཀར་གྱི་མདུན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཚོང་དོན་ཐིན་གྱི་འགོ་ཁྲིད་སོ་སོའི་སྣེ་ཁྲོད་འོག ཉོ་ཚོང་སྐུལ་སྤེལ་མཐུན་ཚོགས་གཞུང་སྒྲུབ་ཁང་གིས་ཁེ་ལས་སྐོར་ཞིག་ལ་བཅར་འདྲི་དང་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱི་དཀའ་ཁག་དང་རེ་འདུན་ཤེས་རྟོགས་བྱུང་བ་དང་། དཀའ་ཁག་དང་རེ་འདུན་དེ་དག་ལ་དམིགས་ནས་བོད་ལྗོངས་ཚོང་དོན་ཐིན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་རེད།
མིག་སྔར་བོད་ལྗོངས་ཚོང་དོན་ཐིན་གྱིས་ལྷ་ས་ཀྲིན་ཏ་ཙི་ཙའེ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་དང་མཉམ་དུ་གློག་རྡུལ་ཚོང་དོན་ཐད་གཏོང་ཆེད་མཁས་པ་གྲགས་ཅན་ཅིན་པོ་རིན་གདན་དྲངས་ཏེ། བོད་ལྗོངས་གངས་ཅན་ཇ་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས24རྩ་འཛུགས་བྱས་ནས་དྲ་ཐོག་གི་ཐད་གཏོང་ཉོ་ཚོང་སྐོར་གྱི་གསོ་སྦྱོང་ཐེངས་དང་པོ་བསྡུས་ཤིང་། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་ཐད་གཏོང་ཉོ་ཚོང་གི་གནས་བབ་དང་ཚོང་ར་དང་ཐད་གཏོང་ཉོ་ཚོང་གི་ལག་ལེན་ཐབས་རྩལ་ཞེས་པ་ཡིན།
དུས་མཉམ་དུ་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་རོགས་སྐྱོར་བྱ་ཆེད། བོད་ལྗོངས་ཚོང་དོན་ཐིན་གྱིས་ད་ལོའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་ཐོག་ནུས་ཤུགས་བཏོན་ཏེ། ཁེ་ལས་རྩ་འཛུགས་བྱས་ནས་སྐབས127པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་ལ་ཞུགས་རྒྱུ་དང་། སྔོན་ཆད་ཀྱི་ཁེ་ལས30འགྲེམ་སྟོན་ལ་ཞུགས་པའི་རྨང་གཞིའི་སྟེང་ཁེ་ལས22གསར་སྣོན་བྱས་ཏེ། བསྡོམས་པས་ཁེ་ལས52ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་ཀྱི་འགྲེམ་སྟོན་བྱ་འགུལ་ཁྲོད་ཞུགས་རྩིས་ཡོད།
དེ་དང་ཆབས་ཅིག་བོད་ལྗོངས་ཚོང་དོན་ཐིན་གྱིས་ལྷ་སའི་སྣེ་གསུམ་པའི་འགྲེམ་ཚོགས་དོ་དམ་ཚད་ཡོད་ཀུང་ཟི་དང་མཉམ་དུ། ཟླ6པའི་ཟླ་སྟོད་དུ་བོད་ལྗོངས་ཕུལ་བྱུང་རིག་གནས་འགྲེམ་སྟོན་ཉོ་ཚོང་ལྟེ་གནས་སུ་དྲ་ཐོག་གི་ཉོ་ཚོང་བྱ་འགུལ་སྤེལ་རྒྱུ་ཡིན་ཞིང་། དྲ་ཐོག་གི་ཚོང་དོན་སྟེགས་བུ་བརྒྱུད་དེ། བོད་ལྗོངས་ས་གནས་ཀྱི་དྲ་གྲགས་ཀྱིས་ཐད་གཏོང་ཚོང་ཟོག་བཙོང་བའི་ཐབས་ལམ་སྤྱད་དེ། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། །