ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

མཚོ་ཆེན་རྫོང་གི“དབུལ་སྐྱོར་ཡོང་འབབ་གཏོད་པའི་ཀུང་སི”ཡིས།

ངལ་ནུས་སྤུས་རྟགས་བཏོད་དེ་ལས་མིའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ།

སྤེལ་དུས 2023-11-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             “སྔོན་ཆད་རིག་གནས་རྨང་གཞི་ཡག་པོ་མེད་པས་ལས་ཀ་འཚོལ་དཀའ་བ་མ་ཟད། གླ་པ་རྒྱུག་པའི་ཡོང་འབབ་ཀྱང་མང་པོ་རག་གི་མེད། ད་ཆ་ངས་རྐོ་འདྲུའི་འཕྲུལ་འཁོར་བཏང་བར་ལོ་ལྟར་གཏན་འཇགས་ཡོང་འབབ་སྒོར་ཁྲི་7ཡན་ཟིན་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་མཚོ་ཆེན་གྲོང་རྡལ་སྨན་སྟོང་གྲོང་ཚོའི་ཡུལ་མི་ཚེ་རིང་ནོར་བུས་དགའ་སྤྲོ་དང་བཅས་ཏེ་འདི་ལྟར་བཤད།
             མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། 2020ལོར་མཚོ་ཆེན་རྫོང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་དོན་འཛུགས་སྐྲུན་གྱི་ཡོང་འབབ་གཏོད་པའི་ཚད་ཡོད་འགན་འཁྲི་ཀུང་སི(གཤམ་དུ“དབུལ་སྐྱོར་ཡོང་འབབ་གཏོད་པའི་ཀུང་སི”ཞེས་བསྡུ་རྒྱུ)བཙུགས་ཏེ། ཚེ་རིང་ནོར་བུ་དང་འདྲ་བར་ལས་ཀར་ཞུགས་འདོད་ཀྱང་ལས་ཀ་མ་རྙེད་པའི་ཡུལ་མི་དང་འཕྲུལ་ཆས་གཅིག་གྱུར་དོ་དམ་བྱེད་ཁོངས་སུ་བཅུག་ནས་རྣམ་གྲངས་ཀྱི་ལས་གྲྭའི་འགན་འཁུར་བ་དང་འབྲེལ་མཐུད་བྱས་པ་བརྒྱུད། ལས་གྲྭ་དང་ལས་མིའི་དགོས་མཁོར་གཞིགས་ནས་མི་སྣ་དང་འཕྲུལ་ཆས་ལ་གཅིག་གྱུར་ཐོག་ལས་ཀ་བཀོད་སྒྲིག་བྱེད་བཞིན་ཡོད།
             ཀུང་སིའི་འགན་འཁུར་བ་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཉིས་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། མིག་སྔར་ཀུང་སིའི་ཁོངས་གཏོགས་ཀྱི་དབུལ་སྐྱོར་ཡོང་འབབ་གཏོད་པའི་རླངས་འཁོར་རུ་ཁག་ལ་ཨར་ལས་འཕྲུལ་ཆས་ཆེ་གྲས136ཡོད་པར་ལོའི་ཡོང་འབབ་མང་ཤོས་སྒོར་ཁྲི521ཟིན་གྱི་ཡོད། འདི་ལོ་དབུལ་སྐྱོར་ཡོང་འབབ་གཏོད་པའི་ཀུང་སིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་སྒྱུར་བཅོས་དང་། རླངས་འཁོར་རུ་ཁག་གི་ཁོངས་མིའི་བསམ་འཆར་ལ་ཉན་པའི་རྨང་གཞིའི་ཐོག་རླངས་འཁོར་ཁག་གཅིག་གིས་རང་རྟེན་འབབ་འཕར་གྱི་ལམ་བུ་གཏོད་བཞིན་ཡོད་པ་དང་། རླངས་འཁོར་ལྷག་མ་རྣམས་ཀུང་སིས་ཚབ་བྱས་ནས་དོ་དམ་བྱས་ཏེ། ལོ་འཁོར་མོར་འཕྲུལ་འཁོར་གྱི་ཡོང་འབབ་སྒོར་ཁྲི350ཟིན་ཐུབ་པ་བྱེད་རྩིས་ཡོད། ད་ཆ་དོ་དམ་བྱེད་ཁོངས་སུ་འཕྲུལ་ཆས་ཁྱོན50ཡོད་པ་དག་ལས་གྲྭ་ཁག་ཏུ་ལས་ཀར་ཞུགས་པར་ཡོང་འབབ་སྒོར་ཁྲི210བྱུང་ཡོད་པ་རེད། 
 
རྩོམ་སྒྲིག་པ། དཔལ་གཡང་།