དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

རིག་གནས་དབུལ་སྐྱོར་ལ་བརྟེན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་པ།

ཆབ་མདོ་གྲོང་ཁྱེར་རིག་གནས་ཐོན་ལས་དབུལ་སྐྱོར་སྐོར་གྱི་མྱུར་བྲིས།

སྤེལ་དུས 2020-04-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་རིན་ཆེན་བཀྲ་ཤིས་ནི་རི་བོ་ཆེ་རྫོང་ཡབ་ཚང་སྒར་བྲིས་ལུགས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་བོད་བཟོའི་གྱོན་ཆས་འཚེམ་མཁན་ཞིག་རེད། 
          ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རིན་ཆེན་བཀྲ་ཤིས་ཀྱི་ཁྱིམ་ལ་མི་5ཡོད་པ་དང་འཚོ་བ་སྐྱོ་ཙམ་ཡོད། 2019ལོའི་ལོ་འགོར་རིན་ཆེན་བཀྲ་ཤིས་ཀྱིས་རི་བོ་ཆེ་རྫོང་རིག་གནས་ཅུས་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ་ཆེད་ལས་རྩལ་ནུས་གསོ་སྦྱོང་ནང་ཞུགས་ནས་འཚེམ་བཟོའི་ལག་རྩལ་བྱང་ཆུབ་པར་གྱུར་བས། ཡབ་ཚང་སྒར་བྲིས་ལུགས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ལས་ཀར་བཅུག་པ་རེད། ལོ་གཅིག་སོང་རྗེས་རིན་ཆེན་བཀྲ་ཤིས་ལ་གླ་ཆ་སྒོར་ཁྲི་4ཙམ་རག་ཡོད། 
          རིན་ཆེན་བཀྲ་ཤིས་དང་འདྲ་བར་ཡབ་ཚང་སྒར་བྲིས་ལུགས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ལས་ཀར་ཞུགས་ནས་དབུལ་སྒྲོལ་བྱུང་བའི་མི་ད་དུང་10ཡོད། ཀུང་སིས་ཡབ་ཚང་སྒར་བྲིས་ལུགས་ཀྱི་གསེར་དངུལ་ཟངས་ལྕགས་རྡུང་བཟོའི་ལག་རྩལ་ནི་རི་བོ་ཆེ་རྫོང་གི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་རེད། 
          ཉེ་བའི་ལོ་ཤས་རིང་། རྫོང་རིག་གནས་ཅུས་ཀྱི་སྒྲིག་འཛུཌ་དང་ཁྲིད་སྟོན་འོག་ཀུང་སིས“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར”ཟུང་འབྲེལ་གྱི་དམངས་ཕན་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་ཡོད། 
          ཀུང་སི་འཛུགས་མཁན་འཆི་མེད་ཚེ་བརྟན་ནི་ཀརྨ་དགའ་བ་གསེར་དངུལ་ཟངས་ལྕགས་རྡུང་བཟོའི་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་ལྔ་པ་རེད། ཁོང་གིས་གསར་འགོད་པར“ད་བར་ཀུང་སིས་རི་བོ་ཆེ་རྫོང་དུ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དགེ་ཕྲུག་མི་ཐེངས་100ལྷག་ཙམ་གསོ་སྦྱོང་བྱས་པའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་དགེ་ཕྲུག་25ལས་ཞུགས་བདེ་བླག་ཐུབ་ནས་ཡོང་འབབ་བརྟན་པོ་རག་ཡོད”ཅེས་བརྗོད། 
          རི་བོ་ཆེ་རྫོང་ཡབ་ཚང་སྒར་བྲིས་ལུགས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་རིག་གནས་ཐོན་ལས་དབུལ་སྐྱོར་བྱས་པ་ནི་ཆབ་མདོ་གྲོང་ཁྱེར་གྱིས་རིག་གནས་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་ཐེངས་མང་བྱས་པའི་མཚོན་བྱེད་ཙམ་རེད། 
          ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་བདེ་དགའ་དབང་མོས་ངོ་སྤྲོད་བྱས་དོན། རིག་གནས་ཀྱི་ཐོན་ཁུངས་ཅུང་འབེལ་བའི་ས་ཁུལ་ཡིན་པའི་ཆབ་མདོ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་རིག་གནས་ཀྱི་ཐོན་ཁུངས་དོན་དངོས་ཀྱི་ཐོན་སྐྱེད་ནུས་པར་ཇི་ལྟར་བསྒྱུར་མིན་ཐད་བསམ་གཞིག་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ“རིག་གནས་ཆེན་པོ”དེ་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་ཚད་བརྒལ་བྱེད་སར་བརྩིས་ནས་ཆབ་མདོའི་ཁྱད་ལྡན་རིག་གནས་ལ་བརྟེན་ཏེ་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས། ཁྱད་ལྡན་རིག་གནས་ཀྱི་ཐོན་ཁུངས་སྣ་ཚོགས་འཚོལ་ཞིབ་དང་། གསར་སྤེལ། བེད་སྤྱོད་བཅས་བྱས་པས། རིག་གནས་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་བྱ་སྤྱོད་ཀྱི་སྒྲོམ་གཞི་གྲུབ་པ་དང་། རིག་གནས་དང་དབུལ་སྐྱོར་ཟུང་འབྲེལ་ལ་ཤུགས་སྣོན་ཐེབས་པ། “རིག་གནས་ཆེན་པོ”དང“དབུལ་སྐྱོར་ཆེན་པོའི”འཐབ་ཇུས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཐེབས་ཡོད། 
          ཆབ་མདོ་གྲོང་ཁྱེར་གྱི་2016ལོ་ནས་2020ལོ་བར་གྱི་རིག་གནས་ཐོན་ལས་དབུལ་སྐྱོར་ཇུས་གཞིར་རིག་གནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་86ཡོད་པ་དང་། བསྡོམས་མ་རྩ་སྒོར་དུང་ཕྱུར་3.4ལྷག་ཙམ་བཏང་བ་གསར་འགོད་པས་མཐོང་བྱུང་། སྔོན་དཔག་ལྟར་ན། རྣམ་གྲངས་གཉེར་སྐྱོང་བྱས་རྗེས་མི་5000ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་དང་དེའི་ཁྲོད་ཀྱི་མི་2000ལྷག་ཙམ་རིག་གནས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་དབུལ་སྒྲོལ་ཡོང་རྒྱུ་ཡིན་པ་རེད། 
          གོ་འཇོ་རྫོང་དེའུ་དམར་སྒྱུ་རྩལ་རྒྱུན་འཛིན་ཆེད་ལས་མཉམ་ལས་ཁང་ནི་ཆབ་མདོ་གྲོང་ཁྱེར་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་བྱ་ཡུལ་ཡིན་ལ། གནད་སྨིན་དབུལ་སྐྱོར་ནང་ཞུགས་མཁན་ཞིག་ཀྱང་རེད། མཉམ་ལས་ཁང་གི་འགན་འཁུར་བ་ཤེས་རབ་ཉི་མས། སྲིད་གཞུང་གིས་རོགས་སྐྱོར་གནང་བས། མཉམ་ལས་ཁང་ལ་ད་ལྟའི་གཞི་ཁྱོན་འདི་འདྲ་བྱུང་བ་རེད། མཉམ་ལས་ཁང་བཙུགས་ཙམ་ལ་སྒོར་ཁྲི་20ཡི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་རག་བྱུང་ཞེས་བརྗོད། 
          མ་དངུལ་གྱི་དཀའ་གནད་སེལ་ཆེད། སྲིད་གཞུང་གིས་ཁག་ཐེག་བྱས་ནས་མཉམ་ལས་ཁང་ལ་དངུལ་ཁང་ནས་སྒོར་ཁྲི་100གཡར་རོགས་བྱས་པ་མ་ཟད། མཉམ་ལས་ཁང་ལ་བཟོ་ཁང་ཡང་སྤྲད་པ་རེད། 
          གོ་འཇོ་རྫོང་གི“ཐོན་ལས་དབུལ་སྐྱོར་རྣམ་གྲངས”དང“མི་རིགས་ལག་ཤེས་བཟོ་རྩལ་སྐྱོང་སྤེལ་རྟེན་གཞི”ཡིན་པའི་མཉམ་ལས་ཁང་གིས་མི་རིགས་ཀྱི་ལག་ཤེས་རྒྱུན་འཛིན་དང་། མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་རམ་བྱ་རྒྱུ་དེ་ཉིད་ཁེ་ལས་གཉེར་བའི་དམིགས་ཡུལ་ལ་བརྩིས་ཡོད། 
          དབང་ཆེན་ནི་གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་ཡར་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཡིན་པ་དང་། ཤེས་རབ་ཉི་མའི་འདི་གར་ཐང་ཀ་འབྲི་རྩལ་སྦྱངས་ནས་ལོ་4འགྲོ་ཡི་ཡོད། ཁོང་གིས“མ་གཞི་ང་ད་ལྟ་དགེ་ཕྲུག་ཅིག་ཡིན་ནའང་ཟླ་རེར་འཚོ་བའི་ཁ་གསབ་སྒོར་2000ལེན་རྒྱུ་ཡོད། མིག་སྔའི་སློབ་སྦྱོང་གི་འཕེལ་རིམ་ལ་བལྟས་ན་ལོ་གཅིག་ལྷག་སོང་རྗེས་དགེ་ཕྲུག་ཐོན་སྐབས་ཡོང་འབབ་ལྡབ་འཕར་ཡོང་བ་འདུག”ཅེས་བརྗོད། 
          དབང་ཆེན་ཕུད་མཉམ་ལས་ཁང་ལ་ད་དུང་དགེ་ཕྲུག་7ཡོད། མཉམ་ལས་ཁང་གིས་རིན་མེད་ངང་ཐང་ཀ་འབྲི་རྩལ་སློབ་ཀྱི་ཡོད་པ་དང་ཟླ་རེར་དགེ་ཕྲུག་ལ་འཚོ་བའི་ཁ་གསབ་སྒོར་1000ནས་2500བར་སྤྲོད་ཀྱི་ཡོད། མིག་སྔར་མཉམ་ལས་ཁང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་5ཚུད་པའི་ཞིང་འབྲོག་པ་20ཙམ་ལས་ཞུགས་བརྟན་པོ་ཡོང་རྒྱུར་ཁྲིད་སྟོན་བྱས་པས། མི་རེར་ཟླ་རེར་འབབ་འཕར་སྒོར་3000བྱུང་ཡོད། 
          བོད་ཤར་གྱི་ནུབ་རྒྱུད་དུ་གནས་པའི་དཔལ་འབར་རྫོང་གིས་ཀྱང་རིག་གནས་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་བའི་ཐབས་ལམ་བཙལ་ཡོད། 
          དཔལ་འབར་རྫོང་གཞན་མགུ་གྲོང་ཚོར་ལོ་150ལྷག་ཙམ་གྱི་སྤོས་བཟོའི་ལོ་རྒྱུས་ལྡན་ཡོད། ལེགས་ཆ་དེ་འདོན་སྤེལ་ཡག་པོ་བྱ་ཆེད། 2017ལོར་གཞན་མགུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཉི་མས་ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱས་རྗེས་ལས་སྣོན་བཟོ་གྲྭ་འཛུགས་རྒྱུའི་ཐག་བཅད་དེ་ཆེད་མངགས་སྤོས་བཟོ་འགོ་བཙུགས་པ་རེད། ཁོང་གིས“རྫོང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་50རོགས་སྐྱོར་གནང་བ་དང་གྲོང་ཚོས་སྒོར་ཁྲི་60རང་གྲབས་བྱས་ཏེ་སྤོས་བཟོ་གྲྭ་བཙུགས་པ་ཡིན”ཞེས་བརྗོད། 
          བསོད་ནམས་ཉི་མའི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་པས་བཟོ་གྲྭའི་ཚོང་ཡང་ཇེ་ལེགས་སུ་སོང་བ་དང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་19ལ་ལོ་ལྟར་བགོ་འགྲེམས་རག་ཡོད། 
          འདི་ལོ་ལོ་40ལ་སླེབས་པའི་སྲི་ཐར་རྡོ་རྗེ་སྤོས་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས་སྤོས་བཟོ་རྩལ་ཤེས་པ་མ་ཟད། 2019ལོར་ལྷ་སར་ཟབ་སྦྱོང་ལའང་བཏང་། “2017ལོར་ང་ཚོའི་ཁྱིམ་ལ་བགོ་འགྲེམས་སྒོར་6000རག་བྱུང་བ་དང་། 2018ལོར་བགོ་འགྲེམས་སྒོར་8000ལྷག་ཙམ་རག་བྱུང་། 2019ལོའི་བགོ་འགྲེམས་ད་ལྟ་བགོ་བཤའ་བརྒྱབ་མེད། འོན་ཀྱང་དེ་སྔོན་ལས་མང་བ་ཡོང་ངེས་རེད”ཅེས་སྲི་ཐར་རྡོ་རྗེས་གསར་འགོད་པར་དགའ་ཚོར་ཆེན་པོས་བརྗོད་པ་དང་། ཁོང་གིས“བཟོ་གྲྭས་ང་ཚུད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་7གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པས། ང་ཚོར་ཟླ་རེར་གླ་ཆ་སྒོར་1500ལེན་རྒྱུ་འདུག ད་ཆ་ངེད་ཚང་གིས་ཕྲུ་གུ་གཉིས་སློབ་གྲྭར་གཏོང་བར་གནོན་ཤུགས་མི་འདུག་ལ། ད་དུང་མོ་ཊ་ཞིག་ཀྱང་ཉོས་པ་ཡིན”ཞེས་བརྗོད། 
          དེང་གི་ཆབ་མདོས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རླབས་རྒྱུན་ཆེན་པོ་དང་འཚམ་པར་བྱས་ཏེ“རིག་གནས+”ཡི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། སྲིད་གཞུང་གིས་རིག་གནས་ཁེ་ལས་གནད་སྨིན་དབུལ་སྐྱོར་ནང་ཞུགས་པར་ཁྲིད་སྟོན་དང་རོགས་སྐྱོར་བྱས་པ་དང་ཆབས་ཅིག་རིག་གནས་དང་ཡུལ་སྐོར་དང་། ཚན་རྩལ། དངུལ་རྩ། དྲ་སྦྲེལ་སོགས་ལས་རིགས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རིག་གནས་ཐོན་ལས་ཀྱི་རིན་ཐང་ཆེ་རུ་བཏང་བ་དང་། བོད་སྐྱོར་ལས་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རིག་གནས་ཐོན་ལས་ཁྱབ་གདལ་བཏང་སྟེ་མང་ཚོགས་དབུལ་པོ་སྔར་ལས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།