ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ལས་ཞུགས་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་གཞོན་ནུར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་སྐྱོད་པར་རོགས་རམ་བྱས་པ།

སྤེལ་དུས 2021-12-29 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། 《བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ལོ་ལྟར་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་10%ཡན་གྱིས་ལྗོངས་ཕྱིར་ལས་ཞུགས་བྱེད་པ་འཁོད་ཡོད།
          བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་ལས་ཞུགས་བོད་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17བོད་སྐྱོར་ཀྲུང་དབྱང་ཁེ་ལས་16བཅས་ཀྱིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་འབོར་ཆེན་མཁོ་འདོན་བྱས་ཡོད། བོད་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིའི་ལས་ཞུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལྕག་སྐུལ་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། 2017ལོ་ནས་2021ལོ་བར་སློབ་ཐོན་སློབ་མར་ལྗོངས་ཕྱིའི་ལས་ཞུགས་ཀྱི་ལམ་རིན་དང་། འཚོ་བ། སྡོད་ཁང་སོགས་རིགས་ཁག་གི་ཁ་གསབ་མ་དངུལ་སྒོར་ཁྲི་8700ལྷག་ཙམ་སྤྲད་པ་དེས་མི་ཐེངས་9348ལ་ཕན་པ་ཐོབ་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་ཚེ་གཡང་བཟང་མོ་འདི་ལོ་ལོ་23ཡིན་པ་དང་2021ལོར་སློབ་ཆེན་ཐོན་རྗེས། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ལས་ཞུགས་བོད་སྐྱོར་སྲིད་ཇུས་བརྒྱུད་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་གདན་ཞུ་བྱས་པ་དང་ཏག་ཏག་འཁེལ་ནས། རིམ་པ་བཞིན་དཔྱད་ཞིབ་བྱས་པ་བརྒྱུད་ཁོ་མོ་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཉིང་པོ་ཏ་ཤེ་རྡོ་སྣུམ་རྫས་འགྱུར་ཚད་ཡོད་ཀུང་སིར་ལས་ཞུགས་ཐུབ་པ་དང་མིག་སྔར་རྫས་འགྱུར་དཔྱད་ཞིབ་ཁང་དུ་སྣུམ་དབྱེ་ཞིབ་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་རེད།
          ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིའི་བོད་སྐྱོར་ལས་བྱེད་པ་ཕུའུ་ཞའོ་ཡུས་ཀྱིས“ལས་ཞུགས་བོད་སྐྱོར་ནི་ང་ཚོས་བོད་སྐྱོར་ལས་དོན་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། 2020ལོ་ནས་ད་བར་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་གྱིས་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་186བསྡུས་ཡོད”ཅེས་བཤད།
          བོད་སྐྱོར་ཁེ་ལས་ཀྱིས་སློབ་གྲྭ་ཆེ་མོ་བ་ཐད་ཀར་གདན་ཞུ་བྱེད་པ་ཕུད། ད་དུང་བོད་སྐྱོར་སྟོབས་ཤུགས་ཁག་གཅིག་གིས་གསར་གཏོད་ཧུར་ཐག་བྱས་ནས་བོད་ཀྱི་ས་གནས་དེ་གའི་སློབ་མར་དེ་བས་འཚམ་པའི་ལས་ཞུགས་ཐབས་ལམ་བཏོད་ཡོད།
          2019ལོར། ནན་ཅིང་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་དོན་ཚོགས་ཆུང་གིས“སྐལ་བཟང་མེ་ཏོག་བཞད། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་འཛིན་གྲྭ”ཞེས་པ་ཇུས་འགོད་བྱས་པའི་དམིགས་ཡུལ་ནི་རྫོང་དེའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཆེད་རེད།
          མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་གྲོང་ཁྱེར་གྱི་ཁག་དགུ་པའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲེན་ལེའང་གིས། དམིགས་བསལ་སྦྱོང་བརྡར་ལྟེ་གནས་དེས་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་མོ་བ་སྒྲིག་འཛུགས་བྱས་ཏེ། ནན་ཅིང་དུ་གསོ་སྦྱོང་དང་དངོས་སྦྱོང་བྱས་ནས་ཁོ་ཚོར་ལས་རིགས་འཆར་འགོད་ཤེས་རྟོགས་དང་ལས་རིགས་བློ་འདྲི་དང་ལས་གནས་མཁོ་འདོན་བྱས་པས་ལས་ཞུགས་ཐུབ་ཡོད། མིག་སྔར། སྐབས་གཉིས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་བརྒྱུད་ཁྱོན་སློབ་མ་67བདེ་བླག་ངང་སློབ་མཇུག་འགྲིལ་ནས་ལས་ཞུགས་ཐུབ་ཚད་100%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ཐུབ་བསྟན་ཕུན་ཚོགས་ནི་སྐབས་དང་པོའི་དམིགས་བསལ་སྦྱོང་བརྡར་འཛིན་གྲྭའི་ཁོངས་མི་ཡིན་པ་དང་། འདི་ལོ་ལོ་26ལ་སླེབས་པའི་ཁོང་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་ཚོ་ནས་རེད། 2019ལོར་སློབ་ཆེན་ཐོན་རྗེས། ཐུབ་བསྟན་ཕུན་ཚོགས་ཁྱིམ་དུ་ལས་ཀ་བསྒུགས་ནས་བསྡད། “ང་ལྗོངས་ཕྱིར་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པར་འགྲོ་འདོད་ཡོད”ཅེས་ཐུབ་བསྟན་ཕུན་ཚོགས་ཀྱིས་བཤད།
          2019ལོའི་ཟླ་བདུན་པར། མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣས་རྫོང་དེའི་སློབ་གྲྭ་ཆེ་མོ་བར“སྐལ་བཟང་མེ་ཏོག་བཞད། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་འཛིན་གྲྭ”ངོ་སྤྲོད་བྱས་པ་རེད། ཐུབ་བསྟན་ཕུན་ཚོགས་ཀྱིས་ཤེས་རྟོགས་བྱུང་རྗེས་ལམ་སེང་མིང་ཐོ་བཀོད་ནས་ནན་ཅིང་དུ་ཟླ་བ་བཞི་སློབ་སྦྱོང་བྱས་པ་བརྒྱུད། ཁོང་གིས་རང་ཉིད་ཀྱི་ལེགས་ཆ་དང་དགའ་ཕྱོགས་འདོན་སྤེལ་ཐུབ་ནས་ཅང་སུའུ་ཡི་ཀུང་སི་ཞིག་ཏུ་ལས་ཞུགས་ཐུབ་ཡོད། ཁོང་གི་གཟེངས་སུ་ཐོན་པའི་རྣམ་འགྱུར་ལས་ཡན་ལག་ཀུང་སིའི་གཙོ་གཉེར་བའི་གྲས་ཤིག་ཏུ་གྱུར་ནས་ཟླ་རེར་གླ་ཕོགས་སྒོར་8000ལྷག་ཙམ་ཡོད་པ་རེད།
          ཟླ་12ཚེས་1ནས་2ཉིན་བར་པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཧུའུ་པེའི་ཧོང་ཧྲིར་བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་བོད་སྐྱོར་དང་ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་ལས་དོན་ཐད་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད། མིག་སྔར། ཧུའུ་པེ་ཞིང་ཆེན་ཁོ་ནར་ཁ་གཏད་རོགས་སྐྱོར་བྱ་ཡུལ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་མོ་བ་188ལས་ཞུགས་ཐུབ་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།