ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ལུས་རྩལ་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་འཁྱགས་སྟེང་ལུས་རྩལ་རྣམ་གྲངས་ཀྱི་སྟོང་ཆ་བསྐངས་པ།

སྤེལ་དུས 2022-01-06 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          བོད་རང་སྐྱོང་ལྗོངས་ལ་ལུས་རྩལ་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་རམ་ཐོབ་ནས་ཉེ་དུས་འཁྱགས་སྟེང་ལུས་རྩལ་རྣམ་གྲངས་ཀྱི་ལུས་རྩལ་པ་ཁག་དང་པོ་ཐོན་ཏེ་བོད་ལྗོངས་ཀྱི་འཁྱགས་སྟེང་ལུས་རྩལ་རྣམ་གྲངས་ཀྱི་སྟོང་ཆ་བསྐངས་ཡོད།
          བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་སུ་གངས་འཁྱགས་ལུས་རྩལ་རྣམ་གྲངས་འགྲན་བསྡུར་བྱེད་པར་ས་མཐོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་བ་དང་སྦྱོང་བརྡར་གྱི་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་འཕྲད་མོད། འོན་ཀྱང་མཚོ་བོད་ས་མཐོ་ནས་ཐོན་པའི་ལུས་རྩལ་པར་སྙུགས་ཤེད་ཆེ་བ་དང་དཀའ་སྤྱད་སྙིང་རུས་ཆེ་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ལམ་ལྷོངས་བྱུང་ཚུན་བོད་ལྗོངས་ཀྱིས་རྒྱལ་ཡོངས་ལུས་རྩལ་བོད་སྐྱོར་གྱི“དགེ་ཕྲུག་འཆར་གཞི”སྤྱད་དེ་ཕུལ་བྱུང་ལུས་རྩལ་པ་ཅི་ལིན་དང་ཧེ་ལུང་ཅང་སོགས་ཞིང་ཆེན་དུ་བཏང་ནས་གངས་འཁྱགས་རྣམ་གྲངས་ཀྱི་རྗེས་གྲབས་ལུས་རྩལ་པ་གསོ་སྐྱོང་བྱས་ཡོད། མཇུག་འགྲིལ་མ་ཐག་པའི་2021ལོ་ནས་2022ལོ་བར་གྱི་ཅི་ལིན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་འཁྱགས་ཤུད་ལེགས་སྐྱེས་འགྲན་བསྡུར་ནང་ཅི་ལིན་དུ་སྦྱོང་བརྡར་བྱེད་བཞིན་པའི“དགེ་ཕྲུག་འཆར་གཞིའི”ལུས་རྩལ་པ་8འགྲན་བསྡུར་ནང་ཞུགས་པ་དེ་ནི་བོད་ནས་ཡོང་བའི་ལུས་རྩལ་པ་འཁྱགས་ཤུད་རྣམ་གྲངས་ཀྱི་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད།
          “མིག་སྔར་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་པས་གཙོ་བོ་ཐག་ཐུང་འཁྱགས་ཤུད་དང་མྱུར་ཚད་འཁྱགས་ཤུད་ཀྱི་སྦྱོང་བརྡར་དང་ལེན་བྱེད་ཀྱི་ཡོད་པས་འབྱུང་འགྱུར་ཁོང་ཚོར་ཡར་རྒྱས་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད།
          ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་གངས་འཁྱགས་རྣམ་གྲངས་ཀྱི་ལུས་རྩལ་པའི་སྐས་རིམ་རུ་ཁག་ཧུར་ཐག་བཙུགས་ཡོད། མིག་སྔར་བོད་ལྗོངས་གངས་ཤུད་རུ་ཁག་གིས་རྒྱལ་ཁབ་རུ་ཁག་ལ་ལུས་རྩལ་པ་10ལྷག་ཙམ་བཏང་ཡོད་པ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།