ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཧྲན་ཏུང་བོད་སྐྱོར་གྱིས་ས་མཐོའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།

སྤེལ་དུས 2022-01-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ཧྲན་ཏུང་ཞིང་ཆེན་གྱིས་སྐྲུན་རོགས་བྱས་པའི་པ་སྣམ་རྫོང་ཀྲུང་ནུང་ཧྲེང་ཡུས་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་གླིང་ཡིན་པ། 
          མྱང་ཆུ་གཙང་པོའི་འགྲམ་ངོགས་སུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ལ་འབྲུ་མཛོད་ཅེས་གྲགས་ཤིང་། ད་ཆ་ཡུལ་དེར་“གླིང་གཅིག་ཁུལ་གསུམ་རྟེན་གཞི་34”ཡི་སྔོ་ཚལ་ཐོན་ལས་ཁྱབ་ནས་ས་མཐོའི་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི་སྐྱེད་ཚལ་ཞེས་སུ་གྲགས།
          དེ་སྔ་རང་ཁ་རང་གསོ་ཐུབ་པའི་བོད་ཀྱི་ལ་ཕུག་དང་ཞོག་ཁོག་གི་སྣ་ཁ་ཉུང་ཤས་འདེབས་པ་ནས་དེང་རབས་ཀྱི་སྔོ་ཚལ་ཐོན་ལས་ཁུལ་ལ་བརྟེན་ཏེ་ཡུལ་ཕྱོགས་ཤིག་གི་མི་སེར་ཕྱུག་པོར་གྱུར་པའི་བར་དང་། དེ་སྔོན་ཤེས་རྟོགས་མེད་པ་དང་། དང་ལེན་མི་བྱེད་པ། ཁོང་དུ་མི་ཆུད་པ་བཅས་ནས་ད་ཆའི་ཞིང་པ་ཁྲི་དེང་རབས་སྔོ་ཚལ་འདེབས་འཛུགས་མཁས་ཅན་དུ་གྱུར་པ་དེ་ནི་ཐོན་ལས་གསར་བརྗེ་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་བསམ་བློའི་གསར་བརྗེ་ཞིག་རེད།
          བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་པ་ཡིན། 
          1995ལོ་ནས་བཟུང་། པ་སྣམ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་ཁག་དང་པོས་དེང་རབས་ཀྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་པ་སྣམ་རྫོང་དུ་ནང་འདྲེན་བྱས།
          1998ལོར། ཁོ་ཚོས་ཅི་ནན་ནས་ལག་རྩལ་མི་སྣ་གདན་དྲངས་ཏེ་པ་སྣམ་དུ་སྔོ་ཚལ་ཚོད་འདེབས་བྱས་པ་དང་ལོ་གཉིས་བསྟུད་མར་ཚོད་འདེབས་བྱས་མཐར། ཚོད་ལྟ་ལེགས་གྲུབ་བྱུང་བ་རེད།
          2000ལོར། པ་སྣམ་རྫོང་དུ་བཅའ་སྡོད་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པས་ཁག་དང་པོའི་ཚོད་འདེབས་ལེགས་གྲུབ་ཀྱི་རྨང་གཞིའི་ཐོག་གཞི་ཁྱོན་ཆེན་པོས་དེང་རབས་ཀྱི་སྔོ་ཚལ་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུ་གཏན་འཁེལ་བྱས་པ་དང་འབྲེལ། ཅི་ནན་གྲོང་ཁྱེར་ནས་སྔོ་ཚལ་འདེབས་འཛུགས་མཁས་ཅན་12གདན་དྲངས་ཏེ་པ་སྣམ་རྫོང་དུ་བཅའ་སྡོད་བྱས།
          ཀྲང་ཅི་མིང་ནི་སྔོ་ཚལ་འདེབས་འཛུགས་མཁས་ཅན་12ཀྱི་གྲས་ཤིག་རེད་ལ། ད་ཆའི་བར་དེ་གར་ལས་ཀ་བྱས་ནས་སྡོད་མཁན་གཅིག་པུ་དེའང་རེད། ཁོང་གིས་པ་སྣམ་རྫོང་གི་སྔོ་ཚལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་བདེན་དཔང་བྱེད་ཐུབ་ཅིང་། དགེ་ཕྲུག་3000ལྷག་ཙམ་བསྐྱངས་ཡོད།
          “2000ལོ་ནས་2005ལོའི་བར་སྔོ་ཚལ་འདེབས་འཛུགས་ཁྱབ་གདལ་གཏོང་བར་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་། སྐབས་དེ་དུས་ང་ཚོ་ཧྲན་ཏུང་གི་བོད་སྐྱོར་གྱིས་མ་དངུལ་བཏང་ནས་སྔོ་ཚལ་དྲོད་ཁང་བསྐྲུན་པས་མི་སེར་གྱིས་དངུལ་སྐར་མ་གཅིག་ཀྱང་གཏོང་དགོས་བྱུང་མེད། དྲོད་ཁང་བསྐྲུན་རྗེས་རིན་པ་མེད་པར་མི་སེར་ལ་སྤྲད་པ་མ་ཟད། ཡོང་འབབ་ཀྱང་མི་སེར་ལ་བགོ་འགྲེམས་བྱས་པ་རེད། ད་དུང་ང་ཚོས་སློབ་ཡོན་མེད་པར་ཁོ་ཚོར་མཛུབ་ཁྲིད་བྱས་ཀྱང་། མི་སེར་གྱིས་དང་ལེན་དེ་ཙམ་བྱེད་ཀྱི་མི་འདུག”ཅེས་ཀྲང་ཅི་མིང་གིས་དྲན་གསོ་བྱེད་བཞིན་དུ་བཤད།
          ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པས་སེམས་ཤུགས་མ་ཉམས་པར་ཐབས་ཇུས་ལེགས་སུ་བཏང་ནས། གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་དང་ལག་རྩལ་བའི་དཔེ་སྟོན་གྱི་བྱ་ཐབས་སྤྱད་དེ། ཤང་དང་གྲོང་རྡལ་བཞིའི་མི་སེར་གྱི་ཁང་པའི་རྒྱབ་མདུན་དུ་བེད་མེད་རང་སོར་བཞག་སའི་ས་ཆར་སྔོ་ཚལ་དྲོད་ཁང་500ལྷག་ཙམ་བརྒྱབ་པ་དང་། དྲོད་ཁང་རེར་མ་དངུལ་སྒོར་6000ཙམ་བཏང་ཡོད། དེ་ནི་པ་སྣམ་གྱི་སྔོ་ཚལ་དྲོད་ཁང་ཆེན་པོ་ཁག་དང་པོ་རེད་ལ། པ་སྣམ་གྱི་སྔོ་ཚལ་ཐོན་ལས་ཀྱི་གོམ་སྟབས་དང་པོའང་རེད།
          ཀྲང་ཅི་མིང་སོགས་ལག་རྩལ་བས་མྱུ་གུ་གསོ་བ་དང་། ལྗང་པ་འཛུགས་པ། ཆུ་གཏོང་བ་སོགས་ཀྱི་ལས་ཀ་ཚང་མ་རང་ཉིད་ཀྱིས་མི་སེར་ཚོར་དམར་ཁྲིད་བྱས་པ་དང་དུས་མཚུངས། དུད་ཚང་རེ་རེ་བཞིན་ལ་སྔོ་ཚལ་འདེབས་སྟངས་ཁྲིད་སྟོན་ཡང་བྱས་པས། ས་གནས་དེ་གའི་མི་སེར་ཚོའི་བསམ་བློར་རིམ་བཞིན་འགྱུར་ལྡོག་བྱུང་ནས། སྔོ་ཚལ་འདེབས་པའི་ལག་རྩལ་ཁོང་དུ་ཆུད་དེ། སྔོ་ཚལ་འདེབས་འཛུགས་ལས་རིགས་ཀྱི་རེ་བའི་མེ་ལྕེ་པ་སྣམ་གྱི་ཞིང་ས་ཆེན་པོར་རིམ་བཞིན་མཆེད་འགོ་ཚུགས།
          ཚན་རིག་དང་མཐུན་པའི་འཆར་འགོད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།
          པ་སྣམ་རྫོང་གི་སྔོ་ཚལ་འདེབས་པའི་བསམ་བློའི་གཏོང་སྟངས་ལེགས་སུ་ཕྱིན་ཀྱང་། རིམ་བཞིན་གནད་དོན་ཁག་གཅིག་ཕྲད་པ་སྟེ། སྔོ་ཚལ་འདེབས་ཁྱོན་ཆུང་བ་དང་སྣེ་ཁ་ཕུན་སུམ་ཚོགས་པོ་མེད་པས། ལེགས་ལྡན་ཐོན་ལས་དང་ཀ་རྟེན་ཐོན་ལས་སུ་འགྱུར་ཐབས་བྲལ་བ་རེད།
          2003ལོར། པ་སྣམ་རྫོང་དུ་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་གསུམ་པ་བཅའ་སྡོད་བྱས་རྗེས། པ་སྣམ་རྫོང་གི་སྔོ་ཚལ་ཐད་ལྷག་པའི་གནད་དོན་ལ་བརྟག་ཞིབ་བྱས། དཀའ་གནད་དེ་ལྟར་ཕྲད་པའི་རྒྱུ་རྐྱེན་གཙོ་བོ་ནི་སྔོ་ཚལ་འདེབས་རྒྱུར་འཆར་འགོད་ནུས་ལྡན་མ་བྱུང་བ་དང་གཞི་ཁྱོན་ལྡན་མེད་པར་ཐུག་ཡོད་པ་ཤེས།
          དེར་བརྟེན་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སོགས་ཚན་ཞིབ་སྒྲིག་གཞིའི་རིགས་གཅིག་མཁས་ཅན་པ་སྣམ་རྫོང་དུ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་བརྟག་དཔྱད་བྱེད་པར་གདན་དྲངས་ནས། “ཚན་རིག་དང་མཐུན་པའི་འཆར་འགོད་དང་། ས་ཁོངས་བཀོད་སྒྲིག གཅིག་སྡུད་ཡུག་སྦྲེལ། གཞི་ཁྱོན་གཉེར་སྐྱོང”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པ་རེད། 
          2003ལོའི་ལོ་མཇུག་ཏུ་ཧྲན་ཏུང་གི་བོད་སྐྱོར་གྱིས་ས་ཞིང་མུའུ་248ཀྱི་རྒྱལ་ཁབ་རིམ་པའི་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་གླིང་སྐྲུན་འགོ་བཙུགས་ནས། སོན་གསར་ཚོད་འདེབས་དང་ཞིང་འབྲོག་པ་གསོ་སྦྱོང་གི་ལས་འགན་གཙོ་བོ་ཁུར་ཏེ། པ་སྣམ་རྫོང་གི་སྔོ་ཚལ་དྲོད་ཁང་ཆེན་པོ་འདེབས་འཛུགས་མགྱོགས་སུ་བཏང་བ་རེད།
          མིག་སྔའི་བར་པ་སྣམ་རྫོང་གི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.66ལྷག་ཙམ་དང་། ལོའི་ཐོན་འབབ་རྒྱ་མ་དུང་ཕྱུར་1.2 ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ལྷག་ཙམ་བཅས་ཟིན་ནས། གཞིས་རྩེ་གྲོང་ཁྱེར་དང་དེ་བཞིན་ཉེ་འཁོར་ས་ཁུལ་དུ་སྔོ་ཚལ་མུའུ་ཁྲི་10ལྷག་ཙམ་འདེབས་པར་དཔེ་སྟོན་སྣེ་ཁྲིད་ཐུབ་ཡོད།
          ཁྱད་ལྡན་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་བ།
          ལོ་23རིང་། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་བརྗེ་རེས་ག་ཚོད་བྱས་ཀྱང་། ཁོ་ཚོས་པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བའི་ཆོད་སེམས་ལ་འགྱུར་ལྡོག་གཏན་ནས་ཕྱིན་མེད།
          2019ལོར། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་བཅའ་སྡོད་བྱས་རྗེས། འཕེལ་ཕྱོགས་ཆེན་པོ་ལྡན་པའི་པ་སྣམ་གྱི་སྔོ་ཚལ་ཐོན་ལས་ལ་དམིགས་ནས་མུ་མཐུད་པ་སྣམ་གྱི་སྔོ་ཚལ་རྒྱ་སྟོབས་ཆེ་རུ་བཏང་སྟེ། དེ་ཉིད་ས་མཐོར་ལས་ཟློས་བྱ་ཆོག་ལ་ཁྱབ་གདལ་གཏང་རུང་བའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཤིག་ཏུ་བཏོད་ནས། བོད་ཀྱི་མི་སེར་དེ་བས་མང་བ་ཕྱུག་འགྱུར་དང་བོད་ཀྱི་མི་དམངས་དེ་བས་མང་བར་བདེ་སྐྱིད་སྐྲུན་པའི་སེམས་ཐག་བཅད་པ་རེད།
          ཧྲན་ཏུང་བོད་སྐྱོར་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“ཏང་སྲིད་ལས་བྱེད་པ+ཁེ་ལས་ཀྱི་དོ་དམ་མི་སྣ+སྟབས་བསྟུན་རང་བཞིན་གྱི་ཤེས་ལྡན་པ”བཅས་ཀྱི་རྣམ་པ་སྤྱད་དེ། ཞིང་ལས་གླིང་ཁུལ་གྱི“ཚོགས་སྒྲིག་ཆུང་ངུ”བཙུགས་པ་དང་། བོད་སྐྱོར་ལས་བྱེད་པ་གསུམ་གྱིས་སྤྱི་འདོམས་དང་ཕྱོགས་བསྡུས་མཐུན་སྦྱོར་གྱི་འགན་འཁུར་བ། ཁེ་ལས་ཀྱི་དོ་དམ་མི་སྣ་བདུན་གྱིས་གཉེར་སྐྱོང་གི་འགན་འཁུར་བ་བཅས་བྱས་པ་མ་ཟད། སྟབས་བསྟུན་རང་བཞིན་གྱི་ཤེས་ལྡན་མི་སྣ་མངགས་ནས་ལག་རྩལ་རྣམ་གྲངས་ལ་རོགས་སྐྱོར་བྱས་པ་རེད།
          2020ལོར། ཧྲན་ཏུང་བོད་སྐྱོར་གྱིས་མ་དངུལ་སྒོར་ཁྲི་9000ལྷག་ཙམ་བཏང་ནས་རྣམ་གླིང་རྫོང་དུ་རྒྱ་ཁྱོན་མུའུ་500ཟིན་པའི་གྲངས་འཛིན་ཞིང་ལས་ཐོན་ལས་གླིང་བསྐྲུན་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་བསྣན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཧྲན་ཏུང་བོད་སྐྱོར་གྱིས་མ་དངུལ་སྒོར་དུང་ཕྱུར་1ཡན་བཏང་ནས། གླིང་ཁུལ་སྒྱུར་བཀོད་རིམ་སྤོར་དང་། འདེབས་ཁྱོན་རྒྱ་སྐྱེད། སྣེ་ཁ་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་སོགས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ས་མཐོའི་སྔོ་ཚལ་ཐོན་ལས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་གཏོང་བཞིན་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།