ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

བོད་ལྗོངས་འབྲོག་ཁུལ་དུ་གསང་སྤྱོད་བཅོས་བསྒྱུར་ལས་དོན་སྤེལ་ནས་མཛེས་པའི་ཁྱིམ་གཞིས་བསྐྲུན་པ།

སྤེལ་དུས 2023-12-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཧོར་རུ་གྲོང་ཚོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་དུ་གནས་པ་དང་། ཆ་སྙོམས་ས་བབ་སྨི4483ཟིན་པའི་ཕྱུགས་ལས་ཁོ་ན་གཉེར་བའི་གྲོང་ཚོ་ཞིག་ཡིན། 2023ལོར“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ཀྱི་ཁྱིམ་གཞིས”ཞེས་པའི་གྲོང་ཚོ་ཧྲིལ་བོར་སྐུལ་འདེད་ཀྱི་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ཨུ་ལྷན་གཞུང་སྒྲུབ་ཁང་གི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས“གསང་སྤྱོད་གསར་བརྗེ”སྐུལ་འདེད་དང“ཁྱིམ་ཚང་གསར་བསྒྱུར”བྱ་འགུལ་སྤེལ་བ་དམ་འཛིན་བྱ་གཞིར་བྱས་ཏེ། མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་ལ་དྲིལ་སྒྲོག སྐུལ་ལྕག ཁྲིད་སྟོན་བཅས་བྱས་ནས་དུད་ཚང་རེ་རེའི་གཙང་མ་དང་འཕྲོད་བསྟེན། གཙང་ཞིང་གྲ་འགྲིག་པོའི་ཁྱིམ་གཞིས་གསར་བ་བཏོད་པར་སྐུལ་འདེད་བཏང་བ་དང་། “མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ཀྱི་ཁྱིམ་གཞིས”ཞེས་པའི་རྣམ་གྲངས་འཛུགས་སྐྲུན་ལ་གཞོགས་འདེགས་གང་ལེགས་བྱས་ནས་དཔལ་ཡོན་གྱི་དར་སྲོལ་གསར་བ་དབུ་མ་བཀྲ་ཤིས་ཐང་གི་སྲོལ་བཟང་དུ་གྱུར་ཡོད། 

པར་འདི་ནི་ཧོར་རུ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་སྲང་འགྲམ་གྱི་ཚོང་ཁང་དང་སྡོད་མིར་གྲོས་གཞི་འདོན་ཡིག་འགྲེམ་གཏོང་བྱེད་བཞིན་པའི་རྣམ་པ་རེད།
             གསང་སྤྱོད་གནད་དོན་སྔོན་ཆད་གྲོང་ཁྱེར་གྱི་ཐུན་མོང་གི་སྐྱོན་ཆ་ཞིག་ཡིན་ལ། གྲོང་གསེབ་དུ“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཞིག་ཡིན་པས། རུ་བ་སྤོ་བ་དང་གང་སར་གཅིན་སྐྱག་གཏོང་བར་གོམས་པའི་འབྲོག་ཁུལ་ལ་མཚོན་ན་སྔར་ལས་ཀྱང་དཀའ་ཁག་ཆེན་པོ་ཡོད། ཧོར་རུ་གྲོང་ཚོ་ལྟ་བུའི་འབྲོག་ཁུལ་དུ“གསང་སྤྱོད་གསར་བརྗེ”ནི་དམངས་ཕན་གྱི་རྨང་གཞིའི་སྒྲིག་བཀོད་ཙམ་མ་ཡིན་པར་ཚོགས་སྤྱི་འབོར་ཆེན་ཞིག་ལ་མ་གཞི་ནས་ཡོད་པའི་འདུ་ཤེས་ཞིག་ཀྱང་ཡིན། 
             ཉེ་བའི་ལོ་འགའི་རིང་། “གསང་སྤྱོད་གསར་བརྗེ”འབྲོག་ཁུལ་དུ་སྤེལ་མགོ་ཚུགས་པ་དང་བསྟུན་ནས་འདམ་གཞུང་རྫོང་གིས་གྲོང་གསེབ་ཀྱི་གསང་སྤྱོད་བཅོས་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ལྷ་ས་གྲོང་ཁྱེར་ཨུ་ལྷན་གཞུང་སྒྲུབ་ཁང་གི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཀྱང“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ”ཞེས་པའི་བྱ་འགུལ་གོ་སྐབས་སུ་བཟུང་སྟེ། “གསང་སྤྱོད་གསར་བརྗེ”ཡི་སྲིད་ཇུས་གཞུང་ལུགས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ནས། འཕྲོད་བསྟེན་གསང་སྤྱོད་ཁྱབ་སྤེལ་གོ་རིམ་ཁྲོད་ཀྱི་དཀའ་གནད་ཞིབ་འཇུག་བརྟག་དཔྱད་བྱས་ཏེ་ཐབས་ཤེས་ཧུར་ཐག་འཚོལ་ཞིབ་བྱས་པ་རེད།

པར་འདི་ནི་ཧོར་རུ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་སྲང་འགྲམ་གྱི་ཚོང་ཁང་དུ་དྲིལ་སྒྲོག་ཁྱབ་བརྡ་སྦྱོར་བཞིན་པའི་རྣམ་པ་རེད།
             དུས་ཡུན་རིང་བོར། ཧོར་རུ་གྲོང་ཚོའི་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་བྱེད་ནུས་དང་བུད་མེད་ཚོགས་སྤྱིའི་ནུས་པ་འདོན་སྤེལ་བྱས་པ་བརྒྱུད། གསང་སྤྱོད་བཅོས་སྒྱུར་འདི་ཉིད་ཁྱིམ་ཚང་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ཁོར་ཡུག་ལེགས་བཅོས་སོགས་བྱེད་ཐབས་མང་པོའི་ནང་བཅུག་པ་དང་། ཁྱིམ་སྤྱོད་གསང་སྤྱོད་བཅོས་སྒྱུར་གྱི་སྔོན་སྐྱོད་ཁྱིམ་ཚང་ལ་དྲིལ་སྒྲོག་ཤུགས་ཆེན་བྱས་པ། ཕན་ཐོགས་མང་ཚོགས་གདན་དྲངས་ནས་མང་ཚོགས་ལ་གྲོང་གསེབ་གསང་སྤྱོད་བཅོས་སྒྱུར་གྱིས་སྡོད་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་མི་སྡོད་ཁོར་ཡུག་ལེགས་བཅོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཐད་དོན་སྙིང་ཐོན་པ་བཤད་དུ་བཅུག གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་དང་ཞིང་སྡེའི་བཙོག་ཆུ་བཅོས་སྐྱོང་། ཡུལ་སྲོལ་གོམས་འདྲིས་དཔལ་ཡོན་མཐོར་འདེགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། “ཁྱིམ་ཚང་གསར་བསྒྱུར”བྱ་འགུལ་སྤེལ་བ་དང“གསང་སྤྱོད་གསར་བརྗེ”ལ་མགྱོགས་མྱུར་སྐུལ་འདེད་བཏང་། 
             མིག་སྔའི་བར། འདམ་གཞུང་རྫོང་གི་དུད་ཚང་སྤྱི་གྲངས8740ཡོད་པའི་ནང་འཕྲོད་བསྟེན་གསང་སྤྱོད་དུད་ཚང1034ཟིན་པ་དང་། འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་དུ་གཏོང་ཚད11.83%ལ་སླེབས་ཡོད། དེའི་ཁྲོད་ཧོར་རུ་གྲོང་ཚོར་ཁྱིམ་དུད204ཡོད་པའི་ནང་གནས་སྤར་དུད་ཚང30དང་ཐེམ་ཐོ་ཧོར་རུ་གྲོང་ཚོར་ཡོད་པ་དང་དེ་གར་འཚོ་སྡོད་བྱས་མེད་པའི་དུད་ཚང28མ་གཏོགས། འཕྲོད་བསྟེན་གསང་སྤྱོད་དུད་ཚང122ཟིན་ནས་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་དུ་གཏོང་ཚད59.8%ལ་སླེབས་ཡོད། འབྲོག་ཁུལ་གྱི་གསང་སྤྱོད་བཅོས་སྒྱུར་རྣམ་གྲངས་ལག་བསྟར་བྱས་པ་ནས་བཟུང་། སྔོན་ཆད་ཀྱི་འབྲོག་པས་གང་སར་གཅིན་སྐྱག་གཏོང་བ་ནས་ད་ལྟའི་ཁྱིམ་དུ་གསང་སྤྱོད་བཀོལ་སྤྱོད་བར་འཕོ་འགྱུར་བྱུང་ཡོད་པ་དང་། སྟབས་བདེ་ཞིང་འཕྲོད་བསྟེན་གྱི་གསང་སྤྱོད་ཆ་རྐྱེན་གྱིས་འབྲོག་པ་མང་ཚོགས་ཀྱི་བློ་ཡིད་ཚིམ་དུ་བཅུག་ཡོད་པ་མ་ཟད། ད་དུང་ཧོར་རུ་གྲོང་ཚོ་འདི་ཉིད་རྫོང་ཡོངས་ཀྱི་སྐོར་དང་པོའི་དཔེ་སྟོན་སྐུལ་འདེད་གྲོང་ཚོར་བདམས་ཐོན་བྱུང་དུ་བཅུག་ཡོད། །
 
རྩོམ་སྒྲིག་པ། དཔལ་གཡང་།