ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

སྤེལ་དུས 2024-01-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ་རེད།
             ཚོགས་ཞུགས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་ཐུན་མོང་ཐོག་འབྱུང་འགྱུར་དོན་དུ་གཉེར་ཏེ་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ལེའུ་གསར་པ་བརྩམས་ཡོད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་སྒྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
             དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ། འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཐོབ་པའི་ཡར་ཐོན་གྲུབ་འབྲས་ལ་ཕྱོགས་སྡོམ། ད་ལོའི་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་ལས་འགན་གཙོ་བོ་གསལ་སྟོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བློ་སྟོབས་དང་། ཐུན་མོང་གི་དམིགས་ཚད། ཐུན་མོང་གི་བྱ་སྤྱོད་བཅས་སུ་བསྒྱུར་བ་ལས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་འགྱུར་མེད་ཀྱི་ཆོད་སེམས་དང་། དེ་བས་ཞུམ་མེད་ཀྱི་འཐབ་སེམས། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་རླབས་པོ་ཆེར་ཧུར་ཐག་ཞུགས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་སྔར་ལས་ལྷག་པ་ཐེབས་ངེས་རེད།
             དེ་ནི་སྙིང་སྟོབས་ཆེར་སྐྱེད་དང་ཡར་བརྩོན་ལ་སྐུལ་བའི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་ཚོགས་ཞུགས་ཨུ་ཡོན་ཚང་མས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་འཁྱེར་སོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་བསྡུར་གཏིང་ཟབ་གནང་ཡོད། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱ་རྒྱུ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རྒྱུ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱ་རྒྱུ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་ཡག་པོ་བྱ་རྒྱུ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། 2024ལོའི་ཕྱོགས་དགུའི་གཙོ་གནད་ལས་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུ་སོགས་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་བཀོད་སྒྲིག་གལ་ཆེན་དང་གྲོས་གཞི་གལ་ཆེན་ལ་དམིགས་ཏེ་གྲོས་མོལ་གང་ལེགས་དང་། ཐབས་འདོན་ཇུས་འབུལ། ངོས་འཛིན་གཅིག་མཐུན་བཅས་གནང་བར་བརྟེན་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཁྱོན་ཡོངས་ལ་དགོངས་པ་བཞེས་པ་དང་། དམངས་འཚོར་བརྩེ་སེམས་འཆང་བ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་མཚོན་པ་དང་། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྲིད་གྲོས་ཨུ་ཡོན་གྱི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་གྱི་ཡོད།
             ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ75འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་ལོ་བཅས་རེད་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ65འཁོར་བ་དང་བོད་ཀྱི་སྲིད་གྲོས་དབུ་བརྙེས་ནས་ལོ65འཁོར་བའི་ལོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ད་ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་ལམ་གསར་པར་སྐྱོད་པའི་དུང་བརྡ་གསང་པོ་བཏང་ཡོད། རྒྱང་ལམ་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་བཅས་ཀྱིས་མི་དམངས་སྲིད་གྲོས་ལ་ལས་འགན་གསར་པ་དང་འགན་འཁྲི་གསར་པ་དཀྲིས་ཡོད་ལ། སྲིད་གྲོས་ཀྱི་བྱ་གཞག་ལ་དེ་བས་ཆེ་བའི་གར་སྟེགས་གསར་པའང་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར། རང་འགན་གཙང་སྒྲུབ་དང་འབད་འབུངས་ཡར་བརྩོན་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
             སླད་ཕྱིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་སྲིད་གྲོས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་རྩ་དོན་བརྟན་པོར་སྲུང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཟམ་མི་ཆད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མུ་མཐུད་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། རང་ངོས་ཀྱི་སློབ་སྦྱོང་ལ་ཤུགས་རྒྱག་པ། ཚན་རིག་གི་མ་ལག་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པར་མཐའ་གསལ་མཐིལ་རྟོགས་ཡོང་བར་བྱེད་པ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་ལག་ལེན་ལ་མཛུབ་ཁྲིད་དང་། དཀའ་གནད་སེལ་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཧུར་ཐག་བྱེད་དགོས།
             འགན་འཁྲི་འཁུར་ཕོད་པ་དང་རང་འགན་གཙང་སྒྲུབ་མཐའ་འཁྱོངས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཇུས་ཤུགས་མཉམ་འདོན་གྱི་ལེགས་ཆ་དང་འགན་ནུས་འདོན་སྤེལ་ཏན་ཏིག་བྱེད་དགོས་ཤིང་། བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་ཁོང་དུ་ནན་པོ་ཆུད་པར་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ནུས་སེམས་གཅིག་སྒྲིལ་གྱིས་ཆབ་སྲིད་གྲོས་མོལ་ཡག་པོ་བྱེད་པ། དམངས་གཙོའི་ལྟ་སྐུལ་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ། སྲིད་ཞུགས་སྲིད་གླེང་ཏན་ཏིག་དང་ནུས་ལྡན་བྱེད་པ་བཅས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཀྱི་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས།
             ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཇུས་འབུལ་ཤུགས་འདོན་ཧུར་ཐག་བྱེད་དགོས་ཤིང་། སྲིད་གྲོས་ཀྱི་ལས་དོན་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། འཆར་འགོད། སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་བྱ་ཐབས་དང་གྲོས་འགོ་མང་ཙམ་འདོན་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན། མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་བྱེད་རིང་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པ། ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་ཕྱོད་འདོན་སྤེལ་ཏན་ཏིག་བྱས་ནས་བོད་ཀྱི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི“སྲིད་གྲོས་ཀྱི་རྒྱུགས་ལན”ཧུར་ཐག་འབུལ་དགོས།
             མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་དག་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ལ་བབ་པར་བྱེད་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་པ་དང་། མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ནས་གནད་དོན་ལ་བསམ་གཞིག་དང་ལྟ་ཞིབ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། བརྩེ་སེམས་ཟབ་མོ་བཅངས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡོད་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
             མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་བརྗིད་ཆེའི་དམིགས་ཚད་དེ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ངར་སེམས་ཆེར་སྐྱེད་དང་། འབད་བརྩོན་ལྷོད་མེད། རང་འགན་ནན་སྒྲུབ། དཀའ་སྤྱད་སྙིང་རུས་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། 

རྩོམ་སྒྲིག་པ། དཔལ་གཡང་།