ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

སྐྱེ་དངོས་ཀྱི་ས་བོན་ཁྲི་4000དང་ཁོང་གི་འབད་བརྩོན།

སྤེལ་དུས 2018-03-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཀྲང་ཧྲུའོ།

འདི་ནི་ཀྲུང་གཡང་གིས་བོད་ཀྱི་གཞིས་རྩེར་རྩི་ཤིང་དཔེ་ལེན་བྱེད་རིང་བརྒྱབ་པའི་དྲན་རྟེན་པར་ཡིན་པ།
རྩོམ་སྒྲིག་པའི་གཏམ།
           བོད་སྐྱོར་ལོ་16རིང་ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་གཡང་གངས་ལྗོངས་ས་མཐོའི་སྤྱི་ལེ་ཁྲི་50ལྷག་ཙམ་སར་བསྐྱོད་མྱོང་བ་དང་ས་བབ་མཐོ་ཤོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6000ལྷག་ཙམ་སར་བསྐྱོད་དེ་གྲང་རླུང་དང་ས་མཐོའི་ལ་དུག་སོགས་ཁྱད་བསད་གནང་ནས་སྐྱེ་དངོས་ཀྱི་ས་བོན་ཁྲི་4000ལྷག་ཙམ་འཚོལ་བསྡུ་གནང་སྟེ་རྒྱལ་ཁབ་དང་མིའི་རིགས་ལ་ཕུན་སུམ་ཚོགས་པའི་གཞི་རྒྱུ་མཛོད་བཙུགས་ཡོད་ལ། བརྩེ་སེམས་ནུབ་རྒྱུད་ས་ཁུལ་དུ་བཅངས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མ་འབོར་ཆེན་གསོ་སྐྱོང་གནང་བ་དང་འབྲེལ་བོད་ལྗོངས་སློབ་ཆེན་ལ་ཨང་དང་པོ་ཡང་ཡང་གཏོད་རོགས་གནང་ཡོད།
           ཁོང་གིས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས་མེས་རྒྱལ་གྱི་ས་གཞི་ཆེ་མོར་རྩ་བ་ཚུགས། འོས་འགན་ཐུགས་ལ་བཅངས་ནས་དཀའ་ཚེགས་ཀྱི་ཁོར་ཡུག་ཁྲོད་ལས་དོན་བསྒྲུབས། ཁོང་གིས་ལྷག་བསམ་བཅངས་ནས་རི་མཐོར་འཛེགས་པ་དང་ཚེ་སྲོག་ལ་བརྟེན་ནས་རྒྱལ་ཁབ་གོང་དུ་བཀུར་བ་དང་། མི་རིགས་གོང་དུ་བཀུར་བ། མི་དམངས་གོང་དུ་བཀུར་བ་བཅས་ཀྱི་བྱས་རྗེས་བཞག་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོར་ཁོང་དང་འདྲ་བའི་གུང་ཁྲན་ཏང་མི་གྲངས་མེད་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག་ཀྲུང་གཡང་གི་གཏམ་རྒྱུད་བསྟུད་མར་འགོད་རྒྱུ་ཡིན་པས་དགྱེས་གཟིགས་འཚལ།
           “ས་བོན་འཚོལ་བསྡུ་བྱེད་སྐབས་ངས་དགའ་ཤོས་བྱེད་ས་ནི་ཁུར་མོང་གི་ས་བོན་ཡིན། སྦར་མོ་གང་ལ་ཧ་ལམ་སོན་200ལྷག་ཙམ་ཡོད། བེ་ཏའི་སོན་ལ་དགའ་པོ་མེད། རྡོག་ཆེན་པོ་ཡོད་ལ། མ་དཔེ་དེ་འདྲ་རྐང་5000ཙམ་འཚོལ་དགོས་པ་དང་རླངས་འཁོར་གྱིས་དབོར་དགོས་ཀྱི་ཡོད”ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རང་རྒྱལ་གྱི་གྲགས་ཅན་སྐྱེ་དངོས་རིག་པ་མཁས་ཅན་ཀྲུང་གཡང་གིས་ཀུ་རེ་དང་བཅས་དེ་ལྟར་བརྗོད།
           2005ལོའི་ཟླ་བ་བརྒྱད་པར་བོད་ཀྱི་བྱང་རྩྭ་ཐང་དུ་ཀྲུང་གཡང་གིས་དགེ་ཕྲུག་ཁྲིད་དེ་འདམ་རྫབ་ཀྱི་སྲང་ལམ་བརྒྱུད་ཉིན་གཅིག་ཏག་ཏག་བསྐྱོད། མཐར་རྫོང་གྲོང་གི་མགྲོན་ཁང་ཆུང་ཆུང་ཞིག་ཏུ་འབྱོར། རྐང་ལག་འཁྱགས་ནས་ཁ་འདར་ཤོར་བ་དང་ཁང་པའི་ནང་ལྕི་བའི་མེ་ཐབ་གཅིག་ལས་མེད། གདོང་འཁྲུད་སྐབས་ཀྱང་ཆུ་ཟོམ་ནང་གི་འཁྱག་པ་བཅག་ནས་འཁྲུད་དགོས་ཀྱི་ཡོད། ཚང་མ་ངལ་དུབ་ཀྱིས་མནར་ནས་མགོ་ཡང་བཏེགས་མི་ཐུབ། “སྡུག་རུས་བྱེད་དགོས”ཞེས་གསུངས་བཞིན་ཁོང་གིས་སྣེ་ཁྲིད་དེ་ཉིན་མོ་འཚོལ་བསྡུ་བྱས་པའི་སྐྱེ་དངོས་ཐོ་བཀོད་བྱེད་པ་དང་མ་དཔེ་དེབ་ཀྱི་གསེང་དུ་མནན། “མ་དཔེ་དེབ་ཀྱི་གསིང་དུ་མ་མནན་ན་རུལ་འགྲོ་གི་རེད། དེ་ལྟར་མ་བྱས་ན་ཉིན་གཅིག་གི་ལས་ཀ་ཆོ་མེད་དུ་འགྱུར་གྱི་རེད”ཅེས་བརྗོད། ཡལ་ག་དང་ལོ་མ་ཁོད་སྙོམས་པོས་མནན་དགོས་ལ་ལྷགས་སྐམ་གཏོང་དགོས་པ་དང་། ས་བོན་བཀྲམ་ནས་ལྷགས་སྐམ་གཏོང་དགོས་ཀྱི་ཡོད། ཤིང་འབྲས་ལ་ལ་སྔོན་ལ་ཤིང་འབྲས་ནང་གི་བཟའ་གཙང་མར་འདོན་དགོས། སྐྱེ་དངོས་སོས་པ་ཉིན་དེ་རང་དུ་ལྷགས་སྐམ་གཏོང་དགོས་པ་དང་དེ་འདྲ་མ་བྱས་ན་རུལ་འགྲོ་གི་ཡོད།
           ཞོགས་པའི་ཆུ་ཚོད་དྲུག་པར་ཁོང་དང་དགེ་ཕྲུག་ཚོ་ཡར་ལངས་ནས་དེབ་ནང་མནན་པའི་མ་དཔེ་དང་ལྷགས་སྐམ་བཏང་བའི་ས་བོན་ཐུམ་སྒྲིལ་རྒྱག་པ་དང་མཚོན་རྟགས་སྦྱར་རྗེས་རྡོག་ཐོན་བྱེད་འགོ་ཚུགས། “རླངས་འཁོར་མདུན་དུ་སྐྱོད་བཞིན་ཕྱིར་མིག་ལྟ་སྐབས་རྒྱུས་མངའ་ཆེ་བའི་གྱང་དང་ཚོན་མདོག་སྣ་ལྔའི་དར་ལྕོག་མིག་ལམ་དུ་མཐོང་ལ། མགྲོན་ཁང་སྦྱིན་བདག་གི་ནང་མི་ཚང་མས་ལག་གཡུག་གཡུག་བྱེད་བཞིན་མཆིས། ཞོགས་པའི་ཉི་ཟེར་ཡང་རླངས་འཁོར་གྱི་སྒེའུ་ཁུང་ནང་འཕྲོ་སྐབས་སེམས་ནང་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན”ཞེས་ཁོང་གིས་ཉིན་ཐོའི་དེབ་ནང་དེ་ལྟར་བྲིས་ཡོད།
           མཚོ་བོད་ས་མཐོར་སྐྱོད་སྐབས་སྐབས་འགར་ཉིན་གཅིག་ལ་རླངས་འཁོར་ནང་སྤྱི་ལེ་བདུན་བརྒྱ་བརྒྱད་བརྒྱ་བསྐྱོད་དགོས་པ་དང་མཚན་འགྲུལ་རྒྱག་རྒྱུ་ནི་རྒྱུན་གཏན་གྱི་གནས་ཚུལ་ཡིན་ལ། ལྟོ་ཟ་བའི་ཁོམ་པ་དེ་བས་མེད། ལྟོ་ཕད་ནང་མ་དཔེ་མང་ཙམ་བླུགས་ཐུབ་ཆེད། ཁོང་དང་དགེ་ཕྲུག་ཚོས་རྒྱུན་དུ་བག་ལེབ་སྐམ་པོ་དང་ཚལ་སྙལ་མ་འཁྱེར་བ་དང་སྐོམ་ན་གཙང་ཆུ་འཐུང་བར་བྱེད། གལ་ཏེ་ཕག་པའི་རྒྱུ་མ་བསྙལ་མ་འཁྱེར་རྒྱུ་ཡོད་ན་ཞིམ་ཟས་སུ་བརྩི་ཆོག་གི་ཡོད། “ཟས་འཇུ་སླ་པོ་མེད་པས་མ་བཟས་ན་ཡང་འགྲིག བཀྲེས་ལྟོགས་ནི་ཟས་བཅུད་ཡག་ཤོས་རེད”ཅེས་ཁོང་གིས་དེ་ལྟར་ཤོད་ཀྱང་དགེ་ཕྲུག་ཚོར་ཤ་ཚ་གནང་སྟེ་ལྷ་ས་ནས་ཐོན་རིམ་བཞིན་ཁོང་གིས་ཆུ་ཚོད་གཅིག་གི་གོང་ལ་བཞེངས་ཏེ་དགེ་ཕྲུག་ཚོར་རོ་བཅུད་ཕུན་སུམ་ཚོགས་པའི་ཞོགས་ཟས་གྲ་སྒྲིག་བྱས་ཏེ་རྒྱགས་ཚད་བཟས་རྗེས་ཐོན་གྱི་ཡོད།
           རྒྱུན་དུ་གྲུམ་བུའི་ནད་ལངས་ཀྱང་སྡུག་རུས་གནང་སྟེ་ཤིང་གི་ཡལ་ག་སྦོམ་པོ་ཞིག་གིས་འཁར་བར་བྱས་ཏེ་ཞབས་ཀྱོག་ཙམ་ཀྱོག་ཙམ་ངང་དགེ་ཕྲུག་ཚོ་སྣེ་ཁྲིད་དེ་རིར་འཛེགས་ཀྱི་ཡོད། ས་ཆ་ཀོང་ཀོང་འབུར་འབུར་དང་ཉེན་ཁ་ཆེ་བའི་གནས་སུ་ཁོང་གིས་སྔོན་ལ་རང་ཉིད་ཀྱིས་ལམ་ཇི་འདྲ་ཡོད་མེད་བལྟ་བ་དང་ཉེན་ཁ་མེད་པ་ཤེས་ན་གཞི་ནས་དགེ་ཕྲུག་རྣམས་བསྐྱོད་དུ་བཅུག་གི་ཡོད། ཀྱག་ཀྱོག་གི་ལམ་བུར་སྐྱོད་སྐབས་དགེ་ཕྲུག་རྣམས་ཀྱི་སེམས་ནང་གི་བག་ཆགས་ཆེ་ཤོས་ནི་གཟུགས་སྟོབས་ཆེ་བ་དང་། ལུས་ཐོག་ཏུ་རི་འཛེག་གི་སྟོད་གོས་སྣུམ་པོ་དང་ཚོས་བུད་པའི་ཉིའུ་ཙའི་དོར་མ་གྱོན་པའི་རྒྱབ་གཟུགས་དེ་རེད། རྒན་ཀྲུང་ལགས་ན་ཟུག་མ་བཟོད་པར་རྔུལ་ཆུ་ཤོར་བ་མཐོང་སྐབས་དགེ་ཕྲུག་རྣམས་སེམས་ཁྲལ་ཆེན་པོ་བྱེད་པ་དང་རྒན་ཀྲུང་ལགས་ཀྱིས་ན་ཟུག་བཟོད་བཞིན་འཛུམ་དམུལ་དམུལ་གྱིས“སྐྱོན་མིན་འདུག ན་ཟུག་མགྱོགས་པོ་འཇགས་ཀྱི་རེད”ཅེས་གསུངས་ཀྱི་ཡོད།
           ལོ་16རིང་ཁོང་གི་ཞབས་རྗེས་མཚོ་བོད་ས་མཐོའི་རི་ཀླུང་གང་སར་ཁྱབ་ཡོད་ལ་འཆི་གསོན་ཡང་གྲངས་མེད་བརྒྱུད་མྱོང་ཡོད། གཡང་གཟར་ཀྱག་ཀྱོག་གི་རི་ལམ་ཐོག་སྐྱོད་སྐབས་རྦབ་རྡོ་རིལ་ནས་རླངས་འཁོར་ཐོག་ལྷུངས་མྱོང་བ་དང་མི་མེད་ལུང་སྟོང་དུ་ལམ་ནོར་ཐེབས་ནས་ལྟོ་བཟའ་རྒྱུ་མེད་ལ་ཆུ་ཡང་འཐུང་རྒྱུ་མེད་པ་དང་འགྲུལ་ཁང་ཡང་མེད་པས་རླངས་འཁོར་ནང་སྡོད་དགོས་བྱུང་བ། ཆར་པ་དང་སེར་བ་བབས་སྐབས་རླངས་འཁོར་རི་ཁུག་ནང་གབ་ནས་ཆར་པ་དང་སེར་བར་གཡོལ་བ། ཉིན་གང་ངལ་དུབ་ཀྱིས་རྐྱེན་པས་མགོ་ཡུར་འཁོར་བ་དང་། སྐྱུག་མེར་ལངས་བ། ལུས་ཤུགས་ཉམས་པ། གྲོད་པ་བཤལ་བ་སོགས་ས་མཐོའི་ལ་དུག་ཕོག་ཀྱང་ཁོང་གིས་སྡུག་རུས་གནང་སྟེ་ཁ་ལོ་བ་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་ཁ་ལོ་བ་གཉིད་མ་ཤོར་བ་བྱས་ནས་ཚང་མ་བདེ་འཇགས་ཡོང་བ་བྱེད་ཀྱི་ཡོད།
           “ཐེངས་ཤིག་ཕྱིར་འཚོལ་བསྡུ་བྱེད་པར་སྐྱོད་སྐབས། རྒན་ཀྲུང་ལགས་ཀྱིས་མངའ་རིས་སུ་འགྲོ་འོ་ཞེས་ཤོད་སྐབས། ང་ཚོ་ཚང་མ་ཐེ་ཚོམ་སྐྱེས་ནས་མངའ་རིས་ས་བབ་མཐོ་བའི་ཁར་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་། སྐྱེ་དངོས་ཀྱི་རིགས་ཉུང་བས་ཉིན་གཅིག་དཀའ་ལས་བརྒྱབ་ཀྱང་སྐྱེ་དངོས་ཁ་ཤས་ལས་འཚོལ་བསྡུ་བྱེད་ཐུབ་ཀྱི་མེད་པས་མི་ཚང་མ་འགྲོ་འདོད་བྱེད་ཀྱི་མེད། གལ་ཏེ་སྐྱེ་དངོས་རིགས་ཕུན་སུམ་ཚོགས་པའི་བོད་ཀྱི་ཤར་ལྷོར་སྐྱོད་ཚེ་ཁོར་ཡུག་གི་ཆ་རྐྱེན་ལེགས་ཙམ་ཡོད་ལ་སྐྱེ་དངོས་མི་ཉུང་བ་ཞིག་འཚོལ་བསྡུ་ཐུབ་ཀྱི་རེད”ཅེས་དགེ་ཕྲུག་ཀེང་གཡོད་ཕུང་གིས་དེ་ལྟར་བརྗོད་སྐབས། རྒན་ཀྲུང་ལགས་ཀྱིས“མི་ཚང་མ་སྐྱོད་འདོད་མེད་པའི་ས་ཆར་ང་ཚོ་ངེས་པར་དུ་སྐྱོད་དགོས། མངའ་རིས་ས་ཁུལ་དུ་འཚོལ་བསྡུ་བྱ་རྒྱུའི་སྐྱེ་དངོས་མང་པོ་ཡོད་པས། རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་རིན་ཐང་ཆེན་པོ་ལྡན་ཡོད”ཅེས་གསུངས།
           ད་ཆ་ཀྲུང་གཡང་དང་དགེ་ཕྲུག་ཚོས་འཚོལ་བསྡུ་བྱས་པའི་སྐྱེ་དངོས་ཀྱི་ས་བོན་ཁྲི་4000ལྷག་དེ་དག་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20དང་གཤེར་ཚད་15%ཡོད་པའི་གྲང་མཛོད་ནང་ཉར་ཚགས་བྱས་ཡོད། སྐྱེ་དངོས་ཀྱི་ས་བོན་དེ་དག་ལོ་80དང་ལོ་120སོང་རྗེས་འབྱུང་འགྱུར་གྱི་མི་རབས་ལ་ཕན་པ་སྦྱིན་ཐུབ་ངེས་རེད།