བློ་མཐུན་ཀྲའོ་ཅུས་ནི་ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་སྨན་ཁང་ཁ་ནད་ཚན་ཁག་གི་སྨན་པ་དཀྱུས་མ་ཞིག་རེད། འོན་ཀྱང་ཁོང་གིས་སྤྱིར་བཏང་གི་ལོ་41རིང་ལས་རིགས་ཀྱི་སྤྱོད་བཟང་བསྐྱངས་ནས་སྐད་གྲགས་མེད་པར་ས་མཐོའི་མང་ཚོགས་ཚོའི་ཚེ་སྲོག་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ནམ་ཡང་དོར་མྱོང་མེད།
2016ལོར། ལོ་41ལ་སླེབས་པའི་ཀྲའོ་ཅུས་ཀྱིས་ཨན་ཧུའེ་ཡིས་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གཅིག་འཛུགས་རྒྱུ་ཡིན་པ་ཤེས་རྗེས་དགའ་ཚོར་ཆེན་པོ་སྐྱེས། ཁོང་གི་སེམས་སུ་ས་མཐོར་བསྐྱོད་ནས་གནས་དེའི་མང་ཚོགས་ཀྱི་ཚེ་སྲོག་སྲུང་སྐྱོབ་བྱ་རྒྱུ་དེ་ནི་སྔ་ས་ནས་ཁོང་གི་བསམ་བློར་འཁོར་བའི་ཕུགས་འདུན་ཞིག་རེད། དེས་ན། ནང་མི་ཚོ་དང་གྲོས་བསྡུར་བྱེད་ཁོམ་མེད་པར་ཁོང་གིས་རང་འགུལ་ངང་འཕྲལ་མར་བོད་སྐྱོར་རུ་ཁག་ལ་ཞུགས་པའི་མིང་ཐོ་བཀོད། ཟླ་7ཚེས་10ཉིན། ཀྲའོ་ཅུས་ཀྱིས་རྡོག་ཆས་བརྒྱབ་ནས་བོད་དུ་བསྐྱོད་པའི་གྲ་སྒྲིག་བྱས། བཟའ་ཟླས་ལོ་11ལ་སླེབས་པའི་བུ་ཁྲིད་ནས་བརྩེ་བ་ཟབ་མོའི་ངང་ཀྲའོ་ཅུས་ལ“ཁྱེད་རང་ས་མཐོར་འགྲོ་བའི་ཆོད་སེམས་དེ་སུས་ཀྱང་འགོག་ཐབས་བྲལ་བ་ངས་ཤེས་ཀྱི་ཡོད། ང་ཡང་སྨན་དོན་མི་སྣ་ཡིན་པས་ཁྱེད་རང་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འགྲོ་རྩིས་བྱེད་པའི་བསམ་བློར་བཀག་འགོག་གཏན་ནས་བྱེད་མི་སྲིད། ཁྱེད་རང་བློ་བདེ་པོས་ལས་ཀ་བྱེད་པར་སོང་། ཡིན་ནའང་གཟུགས་པོར་བདག་གཅེས་ཡག་པོ་གྱིས་ཤིག ཁྱིམ་དུ་ང་ཡོད་པས་ཁྱེད་རང་སེམས་ཁྲལ་བྱེད་དགོས་མེད”ཅེས་བརྗོད། ཀྲའོ་ཅུས་ཀྱིས་བྲལ་མི་འདོད་པའི་སྒོ་ནས་བཟའ་ཟླར་དམ་པོར་འཁྱུད་དེ“ཁྱིམ་གྱི་རྒན་རྒོན་དང་ཕྲུ་གུ་ཁྱེད་རང་ལ་བློས་འགེལ་རྒྱུ་ཡིན། ངས་གངས་ལྗོངས་ས་མཐོར་ཨན་ཧུའེ་ཡི་སྨན་པའི་བྱས་རྗེས་འཇོག་ངེས་ཡིན”ཞེས་བཤད།
བཟའ་ཟླའི་མངགས་བཅོལ་བློ་ལ་བཅངས་ཏེ། ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དྲུག་པའི་ཁོངས་མི་ཀྲའོ་ཅུས་བོད་ལྗོངས་ལྷོ་ཁར་རྡོག་ཐོན་བྱས། ཀྲའོ་ཅུས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་2019ལོར་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་ཏུ་བསྐྲུན་རྒྱུའི་རེ་བ་ཡོད་མོད། འོན་ཀྱང་ཀྲའོ་ཅུས་ནི་ཨན་ཧུའེ་ཀྲུང་ཕྱི་གསོ་རིག་སློབ་ཆེན་ཞོར་གཏོགས་ཁྲུའུ་ཀྲོའུ་ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་སྨན་ཁང་ཁ་ནད་ཚན་ཁག་གི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས། སྨན་ཁང་དེས་ཀ་པ་རིམ་པ་གསུམ་པ་སོགས་སྨན་ཁང་ལ་རེ་ཞུ་བྱས་པའི་བརྒྱུད་རིམ་བརྒྱུད་མྱོང་ཡོད། སྨན་ཁང་དུ་སླེབས་མ་ཐག་བློ་མཐུན་རྣམས་ས་མཐོའི་གནམ་གཤིས་མ་འཕྲོད་པར་ངལ་གསོ་རིང་། ཀྲའོ་ཅུས་ཀྱིས་ངལ་དུབ་དང་ལ་དུག་ལ་མ་འཛེམ་པར་རྡོག་ཁྲེས་ཕབ་ནས་སྔོན་ལ་སྨན་ཁང་དུ་ཁ་ནད་ཚན་ཁག་གི་གནས་ཚུལ་རྒྱུས་ལོན་བྱེད་པར་བསྐྱོད།
ཟླ་7ཚེས་12ཉིན། ཀྲའོ་ཅུས་ཀྱིས་སྐད་འཕྲིན་གྲོགས་ཚོགས་གསར་སྒྱུར་བྱས་ནས་བོད་དུ་བསྐྱོད་རྗེས་ཀྱི་གསོ་སྦྱོང་ཚོགས་འདུའི་སྒྲོག་ཙེའི་ཐོག་བསྒྲིགས་པའི་ཁོང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་མིང་དེ་བསྐུར་བ་མ་ཟད། དེའི་ཐོག་ཁོང་གིས་དགའ་ཚོར་ཆེན་པོའི་སྒོ་ནས“ད་བྱེད་དུས། ངའི་བོད་སྐད་ཀྱི་མིང་ལ་དེ་ལྟར་བྲིས་ཀྱི་ཡོད་པ་འདྲ”ཞེས་བྲིས་ཡོད། དེའི་རྗེས་ཀྱི་ཉིན་འགའ་ཤས་ནང་ས་མཐོ་མི་འཕྲོད་པའི་རྐྱེན་གྱིས་ཀྲའོ་ཅུས་ཀྱི་གདོང་གཤིས་ཡག་པོ་མེད་པ་དང་ལས་རོགས་ཚང་མས་ཁོང་ལ་ངལ་གསོ་མང་ཙམ་རྒྱག་རྒྱུའི་ཁ་ཏ་བྱས་ཀྱང་ཀྲའོ་ཅུས་ཀྱིས་སྔར་བཞིན་ལས་ཀ་རྒྱུན་འཁྱོངས་བྱས།
ཟླ་7ཚེས་15ཉིན་གྱི་ཞོགས་པའི་ཆུ་ཚོད་9པར་བོད་སྐྱོར་ལས་རོགས་ལི་ཧྲའོ་ཅེས་ཀྲའོ་ཅུས་ཟ་ཁང་དུ་ཞོགས་ཟས་ཟ་བར་མ་ཡོང་བ་ཤེས་རྗེས་ཁོ་པར་ཁ་པར་བརྒྱབ། ཀྲའོ་ཅུས་ཀྱིས་ང་གཟུགས་པོ་བདེ་པོ་མི་འདུག་ཅེས་བཤད་པས་ལི་ཧྲའོ་ཅེ་འཕྲལ་མར་ཁོང་གི་ཉལ་ཁང་དུ་ལྟ་བར་བསྐྱོད། ལི་ཧྲའོ་ཅེས་སྒོ་ཕྱེ་སྐབས་ཀྲའོ་ཅུས་ཉལ་ཁྲིའི་སྟེང་དུ་ཉལ་བ་མཐོང་། ཀྲའོ་ཅུས་ཀྱིས“ཁ་སང་དགོང་མོ་རྔུལ་ནག་མང་པོ་ཤོར་བྱུང་བས་ཆུ་འཐུང་འདོད་ཆེན་པོ་འདུག”ཅེས་བཤད། ལི་ཧྲའོ་ཅེས་ཁ་བསྐོར་ནས་ཆུ་བླུགས་སྐབས་ཀྲའོ་ཅུས་དྲན་པ་ཐོར་ནས་འགྱེལ། དེ་རྗེས་ལི་ཧྲའོ་ཅེ་དང་བཅས་པས་ཁོང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ། མཐར་ཀྲའོ་ཅུས་ཀྱི་ཀླད་པའི་འཕར་རྩ་གློ་བུར་དུ་བརྡོལ་ནས་ཁྲག་དོན་ཏེ་དྲན་པ་ཐོར་བར་གཏན་འཁེལ་བྱས། ཉིན་དེའི་དགོང་མོའི་ཆུ་ཚད་6པར་120མྱུར་སྐྱོབ་རླངས་འཁོར་གྱིས་ཀྲའོ་ཅུས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྐྱེལ་སྐབས། དྲན་པ་ཐོར་རྐྱེན་དབུགས་གཏོང་ལེན་དང་། སྙིང་འཕར་བ། ཁྲག་ཤེད་བཅས་ཚང་མ་སྒྲིག་ཆས་ལ་བརྟེན་རྒྱུ་ལས་མ་འདས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་བཅས་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཨན་ཧུའེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཀྲའོ་ཅུས་ཀྱི་ནད་གཞིར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་སྟེ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འོན་ཀྱང་ལག་རྩལ་ཁྱད་དུ་འཕགས་པའི་ལྷ་རྗེ་ཁོང་ནད་གཞི་ལྕི་བའི་རྐྱེན་གྱིས་སྨན་ཁང་ནས་ཐབས་བརྒྱ་ཇུས་སྟོང་ངང་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་2016ལོའི་ཟླ་9ཚེས་29ཉིན་གྱི་ཐོ་རེངས་སུ་སྐུ་གཤེགས།
ཀྲའོ་ཅུས་སྐུ་འཚོ་བཞུགས་སྐབས་ཀྱི་བསམ་འདུན་ལྟར་ན། ན་ནས་ཤི་ཚེ་དབང་པོ་ཚང་མ་ཞལ་འདེབས་སུ་འབུལ་རྒྱུ་དེ་རེད། ཁོང་གི་པཱ་ལགས་དང་། ཨ་མ། བཟའ་ཟླ། གཅེན་པོ་བཅས་ཀྱིས་སེམས་སྡུག་ཆེན་པོས། ཀྲའོ་ཅུས་ཀྱི་འདོད་བློར་བརྩི་འཇོག་བྱེད་པའི་ཐག་བཅད་དེ་དབང་པོ་ཞལ་འདེབས་སུ་ཕུལ་ནས་མི་5ལ་རོགས་རམ་བྱས། ཁོང་གིས་ཞལ་འདེབས་སུ་ཕུལ་བའི་མཁལ་མས་གཅིན་དུག་ཕོག་པའི་ལོ་33ལ་སླེབས་པའི་སྐྱེས་པ་ཞིག་བསྐྱབས་པ་དང་། ཁོང་གི་མིག་སྐྱི་གཉིས་ཀྱིས་མིག་ལོང་བའི་ནད་པ་གཉིས་ལ་བསྐྱར་དུ་འོད་སྣང་སྦྱིན། རྩ་འཛུགས་ཀྱིས་ཀྲའོ་ཅུས་ཀྱི་བཟའ་ཟླ་དང་པཱ་ལགས་ལ་རེ་བ་གང་ཡོད་དམ་ཞེས་འདྲི་སྐབས། “ཁྱིམ་གྱི་འཚོ་བ་སོགས་ཚང་མ་ཡག་པོ་ཡོད་པས་རེ་བ་གང་ཡང་མེད”ཅེས་ཀྲའོ་ཅུས་ཀྱི་པཱ་ལགས་ཀྱིས་བརྗོད་པ་དང་། ཁོང་གིས“ངའི་བུ་སྨན་པ་ཡིན་པས། ཚེ་ལས་མ་འདས་གོང་ནད་བཅོས་སྲོག་སྐྱོབ་ཀྱི་ལྷ་རྗེ་ཞིག་ཡིན་པ་དང་། ཚེ་ལས་འདས་ཀྱང་སྔར་བཞིན་མི་གཞན་ལ་བདེ་སྐྱིད་སྐྲུན་མཁན་ཞིག་རེད”བུའི་སྙིང་སྟོབས་ནམ་ཡང་མི་སེམས་སུ་གནས་ངེས་ཡིན་པས་བློ་བདེ་པོ་འདུག་ཅེས་བརྗོད།
ཀྲའོ་ཅུས་ལ“ཁྲུའུ་ཀྲོའུ་ཡི་ལྔ་གཅིག་ངལ་རྩོལ་པའི་གཟེངས་རྟགས”དང་། “ཁྲུའུ་ཀྲོའུ་གྲོང་ཁྱེར་གྱི་སྔོན་ཐོན་ལས་དོན་པ” “སྐབས་བཞི་པའི་ཁྲུའུ་ཀྲོའུ་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་བ” “ཁྲུའུ་ཀྲོའུ་ཡི་མི་བཟང”སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། ཀྲའོ་ཅུས་ཀྱི་སྙིང་སྟོབས་ནི་ཁོང་གི་མིང་དང་འདྲ་ཞིང་། ཁོང་གི་ཆེས་མཐའ་མའི་བསམ་འདུན་གྱིས་མི་གཞན་ལ་འོད་སྣང་སྦྱིན་ཡོད། ཁོང་གི་མཚན་སྙན་དེ་བོད་ཀྱི་མི་དམངས་ཚོས་ནམ་ཡང་བློ་ལ་བརྟན་པོར་འཆང་ངེས་ཡིན་ལ། ཁོང་གི་ཚེ་སྲོག་དེ་རྣམ་པ་གཞན་ཞིག་གི་ཐོག་ནས་རྒྱུན་སྲིང་ཡང་ཐུབ་ངེས་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།