—— ཤར་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་ཨ་མདོ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི་སྐོར་རགས་ཙམ་བཀོད་པ།
ཤར་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་ཨ་མདོ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི་སྐོར་རགས་ཙམ་བཀོད་པ།
“ང་ཚོ་ནི་མི་དམངས་དམག་མིའི་སྨན་པ་ཡིན་པས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་གཟི་བརྗིད་ཡིན”ཞེས་དམག་དར་འོག་གི་དམ་བཅའ་སེམས་ལ་བཅངས་ཏེ་འདི་ལོའི་ཟླ་5ཚེས་5ཉིན། ཤར་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་ཨ་མདོ་རྫོང་ལ་དུས་ཡུན་ཟླ་བ་དྲུག་གི་བཅའ་སྡོད་རོགས་སྐྱོར་ལས་འགན་སྒྲུབ་པར་བསྐྱོད།
ཁ་གཏད་རོགས་སྐྱོར་བྱས་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།
ཟླ་5པའི་ནན་ཅིང་དུ་དབྱར་ཁ་ཡོངས་སུ་ཤར་མོད། འོན་ཀྱང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ལྷག་ཟིན་པའི་ཨ་མདོ་རྫོང་དུ་ད་དུང་ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་ཡོད། གནམ་གཤིས་དང་ས་བབ་མཐོ་ཚད་ཀྱི་ཧེ་བག་ཆེན་པོ་ཡོད་པ་ལས་སྨན་བཅོས་རུ་ཁག་གི་རུ་མི་ཚོར་བྲང་ཁོག་བསྡམས་པ་དང་། མགོ་ན་བ། གཉིད་མི་ཁུག་པ་སོགས་ལ་དུག་ཕོག་པའི་སྣང་ཚུལ་ཐོན་ནས་ཁོང་ཚོའི་ལུས་སེམས་གཉིས་ཀར་ཚོད་བགམ་ཆེན་པོ་ཞིག་འཕྲད། འོན་ཀྱང་གསོ་རླུང་དཀོན་རུང་སྙིང་སྟོབས་ག་ལ་ཉམས། ཨ་མདོ་རྫོང་དུ་འབྱོར་རྗེས་སྨན་བཅོས་རུ་ཁག་གི་རུ་མི་ཚོས་འཕྲལ་དུ་ལུས་སེམས་དེ་གར་གནས་ཐུབ་པར་བྱས་ནས་རོགས་སྐྱོར་ལས་དོན་ནང་ཧུར་ཐག་ཞུགས།
ད་ཐེངས་ཀྱི་སྨན་བཅོས་རུ་ཁག་ནི་རུས་ནད་ཚན་ཁག་དང་། བུད་མེད་དང་བུ་བཙའི་ཚན་ཁག རྣ་སྣ་དང་མིད་པའི་ཚན་ཁག ཞིབ་དཔྱད་ཚན་ཁག་སོགས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པ་ཞིག་རེད། ཨ་མདོ་རྫོང་མི་དམངས་སྨན་ཁང་གི་སྤྱིའི་གནས་ཚུལ་དང་དེ་བཞིན་ནད་པའི་དགོས་མཁོ་ཤེས་རྟོགས་གང་ལེགས་བྱུང་རྗེས། སྨན་བཅོས་རུ་ཁག་གི་རུ་མི་ཚོས་རང་རང་སོ་སོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ལ་དུག་ཕོག་པ་དང་སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཨ་མདོ་རྫོང་གི་ཞིབ་ཕྲའི་གནས་ཚུལ་ལ་དམིགས་ནས། ས་གནས་དེ་གའི་འཕྲོད་བསྟེན་འཕེལ་རྒྱས་ཀྱི་ཆུ་ཚད་དང་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་དང་ཟུང་འབྲེལ་གྱིས་སློབ་ཁྲིད་ནད་སྐོར་དང་། རིག་གཞུང་འཆད་ཁྲིད། སྐོར་སྐྱོད་སྨན་བཅོས། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ཏེ་ཨ་མདོ་རྫོང་མི་དམངས་སྨན་ཁང་ལ་ཡུལ་གཞན་དུ་སྨན་ཁང་བསྒྱུར་ཚད་མཐོ་བ་དང་སྨན་པ་བསྟེན་པའི་དགོས་མཁོ་ཆེ་བའི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་བརྟག་དཔྱད་སྨན་བཅོས་ཀྱི་ནུས་པ་ཆེ་རུ་དང་སྤྱི་ཡོངས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཡོད།
བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུས་པ།
ཨ་མདོ་རྫོང་དུ་སྨན་བཅོས་རུ་ཁག་གི་སྨན་པ་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རོགས་སྐྱོར་ལས་དོན་སྣ་ཚོགས་སྤེལ་ཞིང་། ས་གནས་དེ་གའི་སྨན་པ་ཚོར་སྨན་བཅོས་བྱེད་སྟངས་དམར་འཁྲིད་བྱེད་པ་ནས་སྨན་ཁང་གི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བར་དང་། ཨ་མདོ་རྫོང་གི་མང་ཚོགས་སྒྲིག་འཛུགས་བྱས་ནས་དམངས་ཡོངས་ཀྱི་གཟུགས་པོ་བརྟག་དཔྱད་བྱེད་པ་ནས་ནད་པ་ཚབས་ཆེན་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་པའི་བར། སྨན་རིན་མི་དགོས་པར་སྐོར་སྐྱོད་སྨན་བཅོས་བྱེད་པ་ནས་འབྲོག་ཁུལ་དུ་སྨན་སྐྱེལ་བར་སྐྱོད་པའི་བར་སོགས་གང་དུ་དགོས་མཁོ་ཡོད་ཚེ་དེ་གར་སྨན་བཅོས་རུ་ཁག་གི་སྨན་པ་རྣམས་མཐོང་རྒྱུ་ཡོད།
ཟླ་8པའི་ཚེས་19ཉིན། སྨན་བཅོས་རུ་ཁག་གི་རུ་མི་ཝུའུ་ཏུང་ཡུན་ལ་ཨ་མདོ་རྫོང་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ལས་རེས་སྨན་པ་ལྷག་སྒྲོན་གྱི་ཁ་པར་ཞིག་འབྱོར་བར། “སྦྲུམ་མ་ཞིག་ལ་ཕྲུ་གུ་སྐྱེ་དཀའ་བས་འཕྲལ་མར་ལྷན་འཛོམས་ནད་དཔྱད་གནང་རོགས”ཞེས་རེ་བ་ཞུས། གནས་ཚུལ་ཛ་དྲག་ལ་ཉེན་ཁ་ཆེ་བས་ཝུའུ་ཏུང་ཡུན་འཕྲལ་མར་རླངས་འཁོར་ལ་བསྡད་ནས་ཨ་མདོ་རྫོང་མི་དམངས་སྨན་ཁང་དུ་བསྐྱོད།
ཝུའུ་ཏུང་ཡུན་གྱིས་རླངས་འཁོར་ནས་བབས་ཏེ་བུ་བཙའ་ཁང་དུ་རྒྱུག་ནས་སྦྲུམ་མའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། འཕྲལ་དུ་སྦྲུམ་མར་གཤགས་བཅོས་བྱེད་འགོ་བརྩམས།
གཤགས་བཅོས་ཀྱི་གོ་རིམ་བདེ་བླག་བྱུང་ནས་ཕྲུ་གུའི་མགོ་དོན་པའི་འགག་རྩའི་སྐབས་སུ། གློ་བུར་དུ་གློག་ཆད་ནས་བུ་བཙའ་ཁང་ཡོངས་ནག་ཐིང་ཐིང་དུ་གྱུར་པ་དང་ལྟ་དཔྱད་འཕྲུལ་ཆས་ཀྱང་འཁོར་རྒྱུག་བྱེད་མཚམས་ཆད།
གློ་བུར་དུ་གློག་ཆད་པས་སྦྲུམ་མར་དངངས་འཚབ་དང་འཇིགས་སྣང་ཆེན་པོ་སྐྱེས། ཝུའུ་ཏུང་ཡུན་གྱིས་དངངས་སྐྲག་ཆེ་བའི་སྦྲུམ་མར་སེམས་གསོ་གཏོང་ཞོར་དེ་གར་ཡོད་པའི་སྨན་དོན་མི་སྣར་ལག་ཐོགས་ཁ་པར་གྱི་གློག་བཞུ་སྤོར་དུ་བཅུག་ནས་མུ་མཐུད་གཤགས་བཅོས་བྱས།
ཆུ་ཚོད་གཅིག་ལྷག་ཙམ་གཤགས་བཅོས་བྱས་མཐར་ལག་ཐོགས་ཁ་པར་གྱི་གློག་བཞུའི་འོད་མདངས་འོག་ཕྲུ་གུ་བུ་ཞིག་བདེ་ཐང་ངང་སྐྱེས།
དམངས་ལ་སྨན་བཅོས་བྱས་ནས་དམག་དར་འོག་གི་དམ་བཅའ་ལག་ལེན་བསྟར་བ།
རླངས་འཁོར་གྱི་ལས་འཛོལ་ཐོན་ནས་རྨས་སྐྱོན་ཕོག་པའི་འབྲོག་པ་དོས་དྲག་མྱུར་སྐྱོབ་དང་། དྲན་པ་ཐོར་བའི་མི་དམངས་ཉེན་རྟོག་པ་མྱུར་སྐྱོབ། འཚིག་རྨས་ཚབས་ཆེན་བྱུང་བའི་བྱིས་པ་སྐྱོབ་བཅོས་སོགས་དུས་ཐུང་ཟླ་བ་ཁ་ཤས་ནང་བོད་སྐྱོར་དམག་མིའི་སྨན་པ་རེ་རེས་མང་ཚོགས་ལ་ལྟ་སྐྱོང་བྱས་པའི་བརྩེ་སེམས་ཟབ་ལ་མི་སེམས་འགུལ་བའི་གཏམ་རྒྱུད་ཨ་མདོར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།
ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་སྟེ་ལས་ཐག་གཅོད་པའི་སྐབས་སུ་ཨ་མདོ་རྫོང་མི་དམངས་སྨན་ཁང་གི་དོས་དྲག་ཁང་དུ་ངོ་གདོང་ཁྲག་གིས་འཚོས་པའི་ནད་པ་ཞིག་འབྱོར།
ནད་པ་དེའི་མིང་ལ་རྡོ་རྗེ་ཟེར་བ་དང་མཚོ་དམར་ཤང་གི་འབྲོག་པ་ཞིག་རེད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གསུམ་པར་རྡོ་རྗེ་སྦག་སྦག་མགྱོགས་དྲགས་ནས་ལམ་ཟུར་གྱི་ས་དོང་དུ་ལྷུང་བ་དང་། ནང་མི་ཚོས་ཆུ་ཚོད་གསུམ་ཙམ་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ཨ་མདོ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ།
“ནད་པའི་གཟུགས་པོ་ཡོངས་ཁྲག་གིས་འཚོས་པས་གནས་ཚུལ་གསལ་པོ་ཤེས་ཀྱི་མི་འདུག”ཅེས་མྱུར་སྐྱོབ་ཚན་ཁག་གི་ལས་རེས་སྨན་པ་བློ་བཟང་གིས་ནད་པར་བལྟས་རྗེས་འཕྲལ་དུ་སྨན་བཅོས་རུ་ཁག་གི་རུ་མིར་དེ་ལྟར་ཞུས། རུ་དཔོན་ཅང་ཐའོ་ཡིས་རུ་མི་ཚོའི་སྣེ་འཁྲིད་དེ་འཕྲལ་མར་མྱུར་སྐྱོབ་ཁང་དུ་བསྐྱོད་ནས་ནད་པར་བརྟག་དཔྱད་བྱས།
སྨན་བཅོས་རུ་ཁག་གི་རུ་མི་དང་སྨན་པ་བློ་བཟང་གིས་བརྟག་དཔྱད་སྨན་བཅོས་བྱས་པ་བརྒྱུད་རྡོ་རྗེ་སྲོག་ཉེན་ལས་ཐར་ཙམ་བྱུང་བ་མ་ཟད། རྨ་ཁར་ཡང་དུས་ཐོག་ཏུ་སྨན་བཅོས་ཐུབ་པས། རྡོ་རྗེ་དང་ནང་མི་ཚོ་གཞི་ནས་སེམས་པ་ལྷོད་ལ་བབས།
སྨན་བཅོས་རོགས་སྐྱོར་བྱེད་པ་ནི་དོན་ཆེན་ཞིག་ཏུ་བརྩིས་ཤིང་། ཉེ་བའི་ཟླ་བ་དྲུག་ཙམ་རིང་། ཤར་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་གངས་ལྗོངས་ས་མཐོར་མི་དམངས་དམག་མིའི་སྨན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ། ཨ་མདོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ནས་ནད་བཅོས་སྲོག་སྐྱོབ་ཀྱི་སྨན་པའི་ཀུན་སྤྱོད་བཟང་པོ་བོད་ལྗོངས་བྱང་ཐང་གི་ས་གཞི་ཆེན་པོར་ཁྱབ་པར་བྱས་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།