ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

བོད་ལྗོངས་ཀྱིས་ཆུ་བོ་དང་མཚེའུ་བཅོས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

སྤེལ་དུས 2025-01-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

པར་འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཁོངས་ཀྱི་དྭངས་ཤིང་གཙང་བའི་ཀ་གནམ་མཚེའུ་མཛེས་ལྗོངས་རེད།
              ཉེ་བའི་ལོ་འགའི་རིང་། ལྗོངས་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས“དོན་ཆེན་བཞིར”དམིགས་པ་དང“གསར་གཏོད་བཞིར”ཤུགས་བཏོན་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བྱས་པ་དང་། ཆུ་དཔོན་གྱི་འགན་འཁྲི་དམ་ཟབ་དང་ལས་དོན་བྱེད་ཐབས་གསར་གཏོད་བྱས་ནས་ཆུ་དཔོན་ལམ་ལུགས་དང་སྐྱེ་ཁམས་སླར་གསོར་ལ་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད། ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་ལ་ཤུགས་སྣོན་བཅས་བྱས་ཏེ། ཆུ་བོ་དང་མཚེའུ་བཅོས་སྐྱོང་ཐད་མངོན་གསལ་གྱི་ཕན་འབྲས་བླངས་ཡོད། 
              ཆུ་དཔོན་ལམ་ལུགས་ལ་སྐུལ་འདེད་ནན་མོ་བཏང་ནས་མཐོ་སྒང་གི་ཆུ་རྩའི་སྲུང་ཡོལ་བརྟན་པོར་སྲུང་སྐྱོབ་བྱས་པ།   
              2017ལོ་ནས་བཟུང་། བོད་ལྗོངས་སུ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་ཤིང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཞིིའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། ལྗོངས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཆུ་དཔོན་གྱི་འགན་འཁུར་བ།  རང་སྐྱོང་ལྗོངས་རིམ་པའི་མགོ་ཁྲིད22ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཆུ་དཔོན་གྱི་འགན་འཁུར་བ།  ལྗོངས་ཡོངས་ཀྱི་ཆུ་དཔོན་ཁྲི1.47ཡིས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཆུ་དཔོན་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས། མིག་སྔའི་བར་རིམ་པ་ཁག་གི་ཆུ་དཔོན་གྱིས་བསྡོམས་པས་སྐོར་ཞིབ་མི་ཐེངས་ཁྲི138.9བྱས་པ་དང་སྐོར་ཞིབ་པ་ཁྲི5.9ཡིས་ཆུ་བོར་ནམ་རྒྱུན་གྱི་སྐོར་ཞིབ་དོ་དམ་སྲུང་སྐྱོབ་བྱས་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་དང་རིམ་པ་རེ་རེའི་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།   
              ཉེ་བའི་ལོ་འགའི་རིང་། མངའ་རིས་ས་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། ས་ཁུལ་ཨུ་ལྷན་གྱི“12114”ལས་དོན་བསམ་ཕྱོགས་དོན་འཁྱོལ་བྱས་པ། ཆུ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མཐུན་སྦྱོར་དང་། བཀོད་གཏོང་ལྟ་སྐུལ། དཔྱད་ཞིབ་ཞིབ་བཤེར་སོགས་ཀྱི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ཏེ།  ཆུ་གྲོན་སྔོན་ལ་འཇོག་པ་དང་། བར་སྟོང་དོ་མཉམ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ཀྱིས་ཤུགས་བཏོན་ནས་ཆུ་བཅོས་སྐྱོང་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཆུ་དཔོན་ལམ་ལུགས་དེ“མིང་ཡོད་པ”ནས“དོན་ཡོད”ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ཡོད།
སྐྱེ་ཁམས་སླར་གསོར་སྐུལ་འདེད་ཏན་ཏིག་བཏང་ནས་མཐོ་སྒང་གི་ཆུའི་རིག་གནས་གྲོང་ཁྱེར་བསྐྲུན་པ།
              ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་གྱིས་མཐོ་སྒང་གི་ཆུའི་རིག་གནས་གྲོང་ཁྱེར་སྐྲུན་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། ལྷ་སའི་སྐྱིད་ཆུར་དམིགས་ནས་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་རབ་དང་རིམ་པ་སྤེལ།   
              2013ལོར། ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་མཚམས་སུ་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དང་།  ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་གྱི་སྤྱི་ལེ20ཡི་ཁྱབ་ཁོངས་སུ་ཆུ་འགོག་ལས་གཞི6འཆར་འགོད་འཛུགས་སྐྲུན་བྱས་པ་དེས་ཆུ་བོའི་བཞུར་ཚད་སྙོམས་སྒྲིག་ནུས་ལྡན་བྱས་པ་མ་ཟད། ད་དུང་འགྲམ་ངོགས་ཀྱི་ལྗང་སྒྱུར་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས། ལས་གཞི་གཏིང་ཟབ་ཏུ་སྤེལ་བ་དང་ཆབས་ཅིག སྤྱི་ལེ20ཙམ་གྱི་ལྗང་སྒྱུར་ཁུལ་རིམ་བཞིན་ཆགས་ནས་གྲོང་ཁྱེར་ལ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་བསྣན་ཡོད།   
              2019ལོར། ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་ལས་གཞི་སླར་ཡང་སྤེལ་མགོ་ཚུགས་ཤིང་། འགྲམ་ངོགས་མཚམས7དུ་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་པ་དང་། གཙང་འགྲམ་སྤྱི་གླིང་དང་ལྷོ་རིའི་སྤྱི་གླིང་། ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་སོགས་ཀྱི་མཚོ་འགྲམ་ཆུའི་སྐྱེ་ཁམས་ཀྱི་ཡུལ་ལྗོངས་ཆ་ཚང་སྔ་རྗེས་སུ་བསྐྲུན་པ། གསར་སྣོན་བྱས་པའི་ལྗང་སྒྱུར་རྒྱ་ཁྱོན་མུའུ3052ཟིན་པ། ལས་གཞི་འདི་དག་འཛུགས་སྐྲུན་བྱས་པ་དེས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་བ་མ་ཟད། ད་དུང་གྲོང་ཁྱེར་གྱི་ནུས་པའི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་མི་རྣམས་ཀྱི་རི་སྔོ་ཆུ་དྭངས་ཁྲོད་ཀྱི་སྐྱིད་སྣང་ཆེ་རུ་བཏང་ཡོད།   
              ལྷ་ས་གྲོང་ཁྱེར་གྱིས་ད་དུང་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སླར་གསོ་དང་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ཧུར་ཐག་ལག་བསྟར་བྱས་ཏེ།  ཆུ་རྒྱུད་སླར་གསོ་བཅོས་སྐྱོང་གི་ལམ་ཐག་སྤྱི་ལེ53.1ཟིན་པ་དང་། ལམ་རྒྱུད་ཀྱི་བཙོག་ཆུ་ཕྱིར་གཏོང་བྱ་ཡུལ་ཕྱོགས་ཡོངས་ནས་མེད་པར་བཟོས་ནས་གྲོང་ཁྱེར་གྱི་ཆུའི་ཡུལ་ལྗོངས་དང་འཚོ་གནས་་ལ་འཚམ་པའི་ཚད་ནུས་ལྡན་ངང་མཐོ་རུ་བཏང་ཡོད།   
              ལྗོངས་ཡོངས་ལ་ཕྱོགས་ཡོངས་ནས་བལྟས་ན།  ཆུ་དཔོན་ལམ་ལུགས་དང་ཆུ་བོ་དང་མཚེའུ་བཅོས་སྐྱོང་དང་གསར་སྤེལ་བྱས་པ་བརྒྱུད།  ཆུ་བོ་དང་མཚེའུ་ཡི་རྣམ་པ་མུ་མཐུད་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་པ།  རྫོང་མཁར74ཡི་འཛུགས་སྐྲུན་ཁུལ་དུ“དྲི་ངན”གྱི་ཆུ་མེད་པ་མངོན་འགྱུར་བྱུང་བ།  རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཆུའི་སྤུས་ཚད་ཀྱི་ཚད་གཞི་ཚང་མ100%ཟིན་ནས། རིགས་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལྷག་པ་རེད།“ཆུ་བོ་དྭངས་པ་དང་། འགྲམ་ངོགས་སྔོ་ལྗང་། ཡུལ་ལྗོངས་མཛེས་པ། མི་འཆམ་མཐུན་བཅས་ཀྱི་སྐྱེ་ཁམས་རི་མོ་ཞིག་རིམ་བཞིན་གྲུབ་ཡོད།  
              ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་ལ་ཤུགས་བསྣན་ནས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱས་པ།   
              གོ་རིམ་མེད་པ་དང་ཚད་ལྡན་མིན་པའི་སྒོ་ནས་བྱེ་མ་སྔོག་འདོན་བྱས་ནས་ཆུ་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དེ་ནི་ཆུ་བོ་དང་མཚེའུ་བཅོས་སྐྱོང་བྱེད་པའི་གནད་དོན་ཆེན་པོ་ཞིག་རེད།   
              བོད་རང་སྐྱོང་ལྗོངས་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བོ་ཆུང་འབྲིང་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་ཆུའི་ཐོན་ཁུངས་དོ་དམ་ལ་ཤུགས་བསྣན་ནས། ཆུ་ལམ་དུ་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་བྱེད་པའི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ།  ཆུ་བོ་དང་འབྲེལ་བ་ཡོད་པའི་འཛུགས་སྐྲུན་རྣམ་གྲངས་དོ་དམ་ནན་པོ་བྱས་པ།  བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ཤུགས་ཆེན་བྱས་པ།  རིམ་པ་ཁག་གི་ཆུ་དཔོན་དང་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ། དཔོན་ལམ་ལུགས་ཀྱི་འགན་འཁྲི་ལེགས་པོར་སྒྲུབ་པ་དང་ནུས་པ་འདོན་པར་སྐུལ་འདེད་བཏང་། 
              བོད་ལྗོངས་ཀྱིས་ཆུ་བོ་དང་མཚེའུ་བཅོས་སྐྱོང་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱས་ནས་ཆུ་བོ་བརྟན་པོ་ཡོང་བར་ཤུགས་རྐྱེན་ཐེབས་པ་དང་།  ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ལ་གཏོར་བརླག་གཏོང་བ།  ཁྲིམས་འགལ་འཛུགས་སྐྲུན་བྱས་ནས་ཆུ་ཁོངས་ཀྱི་མཚོ་འགྲམ་བཙན་བཟུང་བྱེད་པ།  ཆུ་ལོག་འགོག་པའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བར་དམིགས་ནས། གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་བཅོས་སྒྲིག་བྱས་པ་དང་འབྲེལ་རྗེས་འདེད་བཅོས་སྒྲིག་དོན་འཁྱོལ་བྱས་ཏེ།  ཆུ་ལམ་བྱེ་མ་སྔོག་འདོན་ཁྱབ་ཁོངས་ཀྱི་གནད་དོན་བཅོས་སྐྱོང་ནུས་ལྡན་བྱས་ནས་ཆུ་བོ་དང་མཚེའུ་ཡི་བཅོས་སྐྱོང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།   
              ཆབ་མདོ་གྲོང་ཁྱེར་ནི་བོད་ཤར་ས་ཁུལ་དུ་གནས་པ་དང་ཆུ་བོ་ཆེན་པོ་མང་པོ་ཡོད་པས།  ཆུ་ལམ་བྱེ་མ་སྔོག་འདོན་དོ་དམ་ཐད་ཀྱི་ལས་དོན་དེ་བས་རྙོག་འཛིང་ཆེ་བ་སྟེ།  ཁྲོན་བོད་ལྕགས་ལམ་དང་རྫ་ཆུའི་མཚམས་ཀྱི་གཙང་རྒྱུད་གཞུང་ལམ་སོགས་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ཀྱི་ཆུ་ལམ་བྱེ་མ་སྔོག་འདོན་དང་།  ཆུ་བོ་དང་འབྲེལ་བའི་ཞིབ་མཆན་འགོད་པ།  ཆུའི་ཐོན་ཁུངས་ཀྱི་རིགས་སྒྲུབ།  ས་ཆུ་སྲུང་འཛིན་ཞིབ་མཆན་འགོད་པ་སོགས་ཀྱི་སྔོན་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས།   དེ་དང་ཆབས་ཅིག ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དེ་གྲོང་ཁྱེར་ཨུ་ལྷན་གྱི་ཏང་གི་སློབ་གྲྭའི་སྐྱེ་ཁམས་དཔལ་ཡོན་གྱི་ཆེད་དོན་གསོ་སྦྱོང་ནང་དུ་བཅུག་ནས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ལས་སྒོའི་རྐང་འཛིན་སྒྲིག་འཛུགས་བྱས་ཏེ། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་སྒོའི་གསོ་སྦྱོང་ནང་ཞུགས་པ།   
              ཁྲིམས་འགལ་ངང་ལྐོག་ཏུ་སྔོག་འདོན་བྱེད་པ་སོགས་ཀྱི་སྣང་ཚུལ་ལ་བཀག་འགོག་ཡང་ཡང་བྱས་པ་དང་།  ལས་སྣོན་རྒྱུ་ཆ་ར་བའི་ཐལ་རྡུལ་གྱི་སྦགས་བཙོག་གིས་མཁའ་རླུང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པ།  ཆུ་ལམ་དུ་གང་བྱུང་སྤུང་གསོག་དང་གང་བྱུང་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།  ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། བྱེ་རྡོའི་ལས་རིགས་དེ“ཟང་ཟིང་”ནས“བཅོས་སྐྱོང”གི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བཏང་།   
              དུས་རབས་གསར་པའི་ཆུ་བོ་དང་མཚེའུ་བཅོས་སྐྱོང་བྱེད་པའི་ལམ་བུའི་ཐོག བོད་ལྗོངས་ཀྱིས་མུ་མཐུད་དུ་ཞི་ཅིན་ཕིང་གྱི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ།  ཆུ་བོ་དང་མཚེའུ་ཕྱོགས་བསྡུས་བཅོས་སྐྱོང་གི་དམིགས་འབེན་དང་ལས་འགན་ལ་དམིགས་ནས།  ནུས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱིས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་ཇུས་གཞི་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། དཔལ་གཡང་།