ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་རིང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་དངོས་བྲིས།

སྤེལ་དུས 2017-08-23 ཡོང་ཁུངས། བོད་ལྗོངས་གསར་དྲ། རྩོམ་པ་པོ། དོན་འགྲུབ།
           རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད། རྒྱལ་ཡོངས་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་སྐྱོར་བཅས་ལ་བརྟེན་ནས་བོད་ཀྱི་སློབ་གསོར་མ་དངུལ་འབོར་ཆེན་བཏང་སྟེ་ཤེས་བྱ་དང་། བསམ་བློ། བློ་རིག་བཅས་གངས་ལྗོངས་ས་མཐོའི་གང་སར་འཕེལ་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་ཐོབ་སྟེ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ལ། དེ་བས་བོད་རིགས་གཙོ་བོར་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་ཤེས་ལྡན་པ་ཁག་གཅིག་འབུར་དུ་ཐོན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་པའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་ཡང་བྱས་ཡོད་པ་རེད།

       མི་ཉུང་ཤས་ཤིག་གི་དམིགས་བསལ་དབང་ཆ་ནས་སྤྱི་དམངས་ཡོངས་ཀྱིས་ལོངས་སྤྱོད་གང་ལེགས་བྱེད་བཞིན་པའི་དབང་ཆའི་བར།
           བོད་རྙིང་པར་སློབ་གསོ་འདི་ཉིད་དམིགས་བསལ་གྱི་དབང་ཆ་ཞིག་ཡིན་པ་དེ་དགོན་སྡེ་དང་སྐུ་དྲག་གིས་སྒེར་སྡེམ་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་སློབ་གསོ་དང་ལེན་བྱེད་དབང་མེད། 1951ལོར་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ཡིག་རྨོངས་བས་བོད་ཀྱི་མི་འབོར་བསྡོམས་འབོར་གྱི་95%བཟུང་ཡོད་པ་རེད།

          བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་མི་དམངས་ལ་སྔར་བས"སློབ་གསོ་ཡག་པོ"ཐོབ་ཕྱིར། ཀྲུང་དབྱང་གིས་མི་རྒྱུ་འབོར་ཆེན་བཏང་ནས་དེང་རབས་སློབ་གྲྭ་བསྐྲུན་པ་དང་དེང་རབས་སློབ་གསོའི་ལམ་ལུགས་ལག་ལེན་བསྟར་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་བྱུང་ཡོད།

          རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཡོངས་བསྒྲགས་བྱས་པའི"《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》ཀྱི་བྱ་ཐབས་ལག་བསྟར"གཞིར་བཟུང་། རང་ལྗོངས་ཀྱིས"སློབ་ལོ་ལོན་པའི་བྱིས་པ་དང་ལོ་ཆུང་ཚོར་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་འགན་ལེན"བྱ་རྒྱུ་སྔར་བས་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།

          རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་བསྡོམས་རྩིས་ལ་གཞིགས་ན། ལོ་50ཡི་རིང་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་858ལྷག་ཙམ་བཏང་ཞིང་། 2013ལོ་དང་2014ལོ་ཁོ་ནར་སློབ་གསོའི་ཐད་ནོར་སྲིད་ཀྱིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་118དང་སྒོར་དུང་ཕྱུར་135སོ་སོར་ཟིན་ཡོད་པ་རེད།

          རྒྱལ་ཁབ་ཀྱིས་མ་དངུལ་ཕོན་ཆེན་བཏང་སྟེ་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་ཤེས་ལྡན་པ་གསོ་སྐྱོང་ལ་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱས་པ་དང་དུས་མཚུངས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ཡང་འགན་ལེན་གང་ལེགས་བྱུང་ཡོད། 2014ལོའི་ལོ་མཇུག་ཏུ། རང་ལྗོངས་ཀྱི་སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད་99.64%ཟིན་པ་དང་། དམའ་རིམ་སློབ་འབྲིང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་98.91%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་73.37%ཟིན་པ། མཐོ་རིམ་སློབ་གསོར་ན་འདྲེས་སློབ་ཞུགས་བྱེད་ཚད་27.76%ཟིན་པ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ་མི་གྲངས་608506ཟིན་ནས་ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་ལྔ་ཆ་གཅིག་ལྷག་ཙམ་བཟུང་བ་དང་། ལྗོངས་ཡོངས་སུ་ཁྱོན་མི་གྲངས་ཁྲི་181.5ཡིག་རྨོངས་སེལ་ཐུབ་པ་བྱུང་བ། གཞོན་ནུ་དང་དར་མ་ཡིག་རྨོངས་སེལ་ཚད་0.57%བར་ཆག་སྟེ་མི་རེར་ཆ་སྙོམས་སློབ་གསོ་ཐོབ་པའི་ཡུན་ཚད་ལོ་8.6ཟིན་ཡོད་པ་རེད།

         《རྩ་ཁྲིམས》དང《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》གཞིར་བཟུང་། རང་ལྗོངས་ཀྱི་སློབ་གསོའི་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་སློབ་ཁྲིད་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཙོ་བོར་བྱེད་པ་དང་། རིགས་ཁག་གི་སློབ་གསོ་ཕན་ཚུན་སྦྲེལ་མཐུད་ཀྱི་དེང་རབས"སྐད་གཉིས"སློབ་ཁྲིད་མ་ལག་བཙུགས་པ་རེད། མིག་སྔར་རང་ལྗོངས་ཀྱི་སློབ་གྲྭ་ཚང་མར"སྐད་གཉིས"སློབ་གསོ་ལག་ལེན་བསྟར་བ་དང་96%ལས་བརྒལ་བའི་སློབ་མས"སྐད་གཉིས"སློབ་གསོ་དང་ལེན་དང་83%ལས་བརྒལ་བའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་སློབ་ཚོས"སྐད་གཉིས"སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།

       "སློབ་གྲྭར་བསྐྱོད་རྒྱུ་ཡོད་པ"ནས"སློབ་གྲྭ་ཡག་པོར་བསྐྱོད་པའི"བར།
          མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཧོར་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་ཚེ་བརྟན་གཞོན་པ་ཉིན་ལྟར་དགའ་ཤོས་བྱེད་པའི་བྱ་བ་ནི་གུང་ཟས་ཟོས་རྗེས་ཀུ་ཤུ་ལེན་རྒྱུ་ཡོད་པ་དེ་རེད། "སློབ་གྲྭར་ཟ་རྒྱུ་དང་སྡོད་ས་ཡག་པོ་ཡོད་ལ། ཉིན་ལྟར་ཀུ་ཤུ་ཡང་ཟ་རྒྱུ་ཡོད་པས་ང་སློབ་གྲྭར་དགའ་པོ་ཡོད"ཅེས་བརྗོད་བྱུང་།

          དུས་རབས་ཕྱེད་ཙམ་ཚུན་དུ། སློབ་མ"སློབ་གྲྭར་བསྐྱོད་རྒྱུ་ཡོད་པ"ཐག་གཅོད་བྱེད་པ་དང་དུས་མཚུངས་རང་ལྗོངས་ཀྱིས་སློབ་གསོ་འདི་ཉིད་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་སྟེ་སྤྱི་པའི་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་སློབ་མ"སློབ་གྲྭར་འགྲོ་འདོད་ཡོད་པ"དང་། "སློབ་གྲྭར་འགྲོ་ཐུབ་པ""སློབ་གྲྭ་ཡག་པོར་བསྐྱོད་པ"བཅས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཡོད་པ་རེད།

          2014ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ལས་ཐོག་དགེ་རྒན་དང་ལས་བཟོ་མི་གྲངས་44456ཡོད་པའི་ཁྲོད་ཆེད་མངགས་དགེ་རྒན་ཡིན་པ་40542ཡོད་པ་དང་ལྗོངས་ཡོངས་སུ་བོད་རིགས་གཙོ་བོར་བྱེད་པ་དང་། གྲངས་ཚད་སྤྱིར་ན་ལོངས་པ། གྲུབ་ཆ་དང་ཆུ་ཚད་དེང་རབས་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་བཙུགས་ཡོད་པ་རེད།

          1985ལོ་ནས་བཟུང་རང་ལྗོངས་ཀྱིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་ལྟོ་དང་། སྡོད་ས། གཞི་རྩའི་སློབ་ཡོན་བཅས་འགན་ལེན་གྱི"འགན་ལེན་གསུམ"གྱི་སྲིད་ཇུས་ལག་ལེན་བསྟར་བ་རེད། ཀྲུང་དབྱང་གིས་རང་ལྗོངས་སུ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་2011ལོ་ནས་བཟུང་ཆ་རྐྱེན་དང་མཐུན་པའི་སློབ་ཞུགས་གོང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་མ་ཚོ"འགན་ལེན་གསུམ"གྱི་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་སུ་བཅུག་པས། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཚང་མར་ཁྱབ་ཡོད་པ་རེད། "འགན་ལེན་གསུམ"གྱི་འགྲོ་གྲོན་ཚད་གཞི་བསྟུད་མར་ཐེངས་14མཐོ་རུ་བཏང་ཞིང་། 2015ལོར་ལོ་རེར་སློབ་མ་རེར་ཆ་སྙོམས་ཚད་གཞི་སྒོར་3000ཟིན་ནས་ལོར་ཕན་པ་ཐོབ་པའི་སློབ་མ་ཁྲི་52ལྷག་ཙམ་ཟིན་ཡོད་པ་རེད།

          2012ལོ་ནས་བཟུང་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞིའི་རྒྱལ་ཁབ་ཀྱི་ཚོད་ལྟ(རྫོང་གྲོང་གི་སློབ་གྲྭ་ཚུད་མེད)ལག་ལེན་བསྟར་བ་དང་ཚད་གཞི་ལྟར་ན་སློབ་མ་རེར་ཉིན་རེར་སྒོར་3ཡིན་པ་རེད། 2014ལོ་ནས་བཟུང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭར་ཡོད་མུས་ཀྱི་སློབ་མར་ཁྱབ་པ་བྱས་པ་དང་། ཆབས་ཅིག་ལོ་དེའི་ཟླ་11པར་ཚད་གཞི་དེ་སློབ་མ་རེར་ཉིན་རེར་སྒོར་4བར་མཐོ་རུ་བཏང་བ་རེད།
       གཞི་རྩའི་སློབ་གསོའི་དགོས་མཁོ་སྐོང་བ་ནས་མིའི་ཕྱོགས་ཡོངས་གོང་འཕེལ་ཡོང་བའི་བར།
          1951ལོར་ཆབ་མདོ་སློབ་ཆུང་བཙུགས་ཤིང་། 2013ལོར་སླེབས་སྐབས་བོད་ལྗོངས་སློབ་ཆེན་གྱི་རིམ་པ་དང་པོའི་རིག་ཚན་3ལ་འབུམ་རམས་པའི་ཞིབ་འཇུག་སློབ་མའི་འོས་བབ་ཐོབ་པ་དང་དུས་རབས་ཕྱེད་ཙམ་ནང་རང་ལྗོངས་སུ་ལྗོངས་ནང་ཁུལ་གྱི་སློབ་གཉེར་གཙོ་བོར་བྱེད་པ་དང་ལྗོངས་ཕྱི་ནང་གི་སློབ་གསོ་ཕན་ཚུན་ཟུང་དུ་སྦྲེལ་བའི་སློབ་ཞུགས་གོང་གི་སློབ་གསོ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ། དམིགས་བསལ་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ་བཅས་ཚུད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཀྱི་མི་རིགས་སློབ་གསོའི་མ་ལག་འཐུས་ཚང་ཞིག་གཞི་རྩའི་ཆར་བཙུགས་ཡོད་པ་རེད།

          ཞིང་འབྲོག་ཁུལ་དུ་ལོ་གཉིས་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་གསུམ་གྱི་སློབ་ཞུགས་གོང་གི"སྐད་གཉིས"སློབ་གསོའི་འདུ་འགོད་ལག་ལེན་བསྟར་ནས་ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་དེ་2000ལོའི་21ནས་2014ལོའི་722བར་མང་དུ་སོང་བ་དང་། བུ་བཅོལ་ཁང་དུ་ཡོད་མུས་ཀྱི་ཕྲུ་གུ་4491ནས་81123བར་མང་དུ་སོང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སློབ་ཞུགས་གོང་གི་སློབ་གསོའི་དྲ་རྒྱ་རིམ་པས་འགྲུབ་བཞིན་ཡོད་པ་རེད།

          2011ལོར་ཁྱོན་ཡོངས་ནས"གཞི་རྩའི་ཆ་གཉིས"ཀྱི་འགག་སྒྲོལ་ལས་འགན་ལེགས་གྲུབ་བྱས་པ་དང་། གཅིག་སྡུད་ཐོག་སློབ་སྒྲུབ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ཐད་ཤུགས་སྣོན་བརྒྱབ་པ་མ་ཟད། འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་དང་སྲ་བརྟན་གཏོང་ཚད་ཆེ་རུ་སོང་བ་རེད། འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་ཧུར་ཐག་བཏང་བ་དང་། མིག་སྔར་རྫོང་དང་ཆུས་20ཡི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ལ་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་བྱས་པའི་ནང་རྫོང་དང་ས་ཁུལ་8ལ་རྒྱལ་ཁབ་ཀྱི་དཔྱད་དཔོག་ཁས་ལེན་ཐོབ་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་དམིགས་བསལ་སློབ་གསོ་གོང་འཕེལ་མགྱོགས་སུ་བཏང་ནས་2014ལོའི་ལོ་མཇུག་ཏུ་མཐོ་རིམ་སློབ་འབྲིང་དཀྱུས་མ་29ལ་སློབ་མ་55669ཡོད་པ་མ་ཟད། དམིགས་བསལ་སློབ་གསོའི་སློབ་གྲྭ་5ལ་སློབ་མ་656ཡོད་པ་རེད། ལས་རིགས་སློབ་གསོའི་ཐད་ལེགས་སྒྲིག་དང་བཟང་སྒྱུར་བྱས་པས་འབྲིང་རིམ་ལས་རིགས་དེ་གཙོ་གནད་དང་མཐོ་རིམ་ལས་རིགས་དེ་སྣེ་འདྲེན་དུ་བྱས་ནས་སློབ་རྒྱུས་སློབ་གསོ་དང་ལས་རིགས་གསོ་སྦྱོང་མཉམ་སྤྱོད་དང་ལྗོངས་ཕྱི་ནང་གི་ལས་རིགས་སློབ་གསོའི་ལེགས་ཆ་ཐོན་ཁུངས་གསབ་རེས་ཀྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་བསྐྲུན་པ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་ལས་རིགས་ལག་རྩལ་སློབ་གསོའི་དྲ་བ་ཞིག་བསྐྲུན་ནས་འབྲིང་རིམ་ལས་རིགས་སློབ་གསོའི་ཆེད་ལས་དེ་རིགས་ཆེན་པོ་11དང་ཆེད་ལས་41ཏུ་ཁྱབ་ཡོད་ཅིང་། མཐོ་རིམ་ལས་རིགས་ཆེད་སྦྱོང་གི་ཆེད་ལས་དེ་རིག་ཚན་སྣ་ཁ་14དང་ཆེད་ལས་49དང་འབྲེལ་ཡོད། མཐོ་རིམ་སློབ་གསོའི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་ད་ཆར་དངོས་ཚན་སློབ་གླིང་3དང་། མཐོ་རིམ་ཆེད་སྦྱོང་སློབ་གྲྭ་3 རིག་ཚན་སྣ་ཁ་12བཅས་ཡོད་ཁར་ད་ཆར་དངོས་ཚན་ཆེད་ལས་136དང་། ཆེད་ཚན་ཆེད་ལས་132 རིམ་པ་དང་པོའི་རིག་ཚན་རབ་འབྱམས་པའི་གནད་14དང་རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་གནད་49 རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་གནད་3 དངོས་ཚན་དང་ཆེད་ཚན་གྱི་སློབ་མ་ཁྲི་3.35 རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་1440ཡོད་པ་རེད།

          1984ལོར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་དགོས་མཁོ་གཞིར་བཟུང་། བོད་ཀྱི་སློབ་གསོ་རྗེས་སུ་ལུས་པ་དང་ཤེས་ལྡན་པ་དཀོན་པའི་གནས་བབ་ལ་དམིགས་ནས་ཏང་ཀྲུང་དབྱང་གིས"ནང་སར་བོད་ལྗོངས་སློབ་གྲྭ་འཛུགས་པ་དང་བོད་ལྗོངས་འཛིན་གྲྭ་གཉེར་བའི"འཐབ་ཇུས་དང་ཇུས་འགོད་གལ་ཆེན་བཏོན་ཡོད། ནང་སའི་སློབ་གཉེར་དེ་ཉིད་བོད་ལྗོངས་སློབ་གསོའི་ཁ་གསབ་རྣམ་པ་གལ་ཆེན་དང་། ཤེས་ལྡན་པ་གསོ་སྐྱོང་གི་རྟེན་གཞི་གལ་ཆེན། མི་རིགས་རིག་གནས་སྤེལ་རེས་ཀྱི་སྐར་ཁུང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྦྲེལ་ཐག་བཅས་སུ་གྱུར་པ་རེད།

ཁ་བྱང་ཕྱི་མོ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ ༥༠ འཁོར་རིང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་དངོས་བྲིས།