ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

༄༅།།མི་རིགས་སྐད་ཡིག་རྒྱུན་འཛིན་དང་མི་ཉམས་གོང་འཕེལ་ཡོང་བར་ཧུར་བརྩོན་གནང་རྒྱུ།

སྤེལ་དུས 2008-12-16 ཡོང་ཁུངས། 《ལྟ་བ·བསམ་བློ·ལག་ལེན》 རྩོམ་པ་པོ། སྐལ་བཟང་བློ་གྲོས། འབྲུག་མོས་ཞུ་དག་བྱས།

འཇིག་རྟེན་གྱི་ཁམས་འདི་ན་སྐྱི་མོའི་ཁ་དོག་དང་སྐད་རིགས། ཆ་ལུགས་ཡུལ་སྲོལ་དང་གོམས་གཤིས། གནས་ཡུལ་དང་འཚོ་བ་རོལ་སྟངས། དད་མོས་དང་བསམ་པའི་ཁྱེར་སོ་མི་འདྲ་བའི་འགྲོ་བ་མིའི་རིགས་མང་པོ་འཚོ་ཞིང་གནས་བཞིན་ཡོད། དེ་དག་རྣམས་ཀྱིས་རང་རང་གི་ཕ་མེས་ཡང་མེས་རིང་ནས་མི་རབས་ནས་མི་རབས་ལ་བརྒྱུད་ཡོང་བའི་གོམས་གཤིས་དང་ཆོས་ལུག་དད་མོས། སྐད་རིགས་དང་ཆ་ལུགས་སོགས་ལ་བག་ཆགས་དང་དགའ་ཞེན་ཟབ་པས་འཇིག་རྟེན་ཐོག་རང་རང་གི་དེ་མེད་དུ་འཇུག་མི་འདོད་པ་མ་ཟད། དེ་ལས་ལྡོག་སྟེ་རང་ཉིད་ལ་ཡོད་པ་ཐམས་ཅད་མཆོག་ཏུ་བཟུང་ནས་བརྒྱུད་འཛིན་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་བསམ་པ་དེ་མི་རིགས་ཀུན་ལ་ཐུན་མོང་དུ་ཡོད་པའི་བསམ་པ་ཡིན། ཡིན་ནའང་ཆབ་སྲིད་དང་དཔལ་འབྱོར་གོང་འཕེལ་གྱི་དགོས་དབང་ལ་བསྟུན་ནས་མི་རིགས་རང་གི་སྐད་ཡིག་ལ་རང་གིས་མི་སྦྱང་བ་དང་། ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ལས་དོན་སྤེལ་སྐབས་རང་གི་སྐད་ཡིག་སྒོ་ཀུན་ནས་བཀོལ་སྤྱོད་བྱེད་པར་དོ་སྣང་མ་བྱས་པས་མི་རིགས་གཞན་པའི་སྐད་ཡིག་འབའ་ཞིག་སྦྱངས་བཀོལ་བྱས་མཐར། རང་མི་རིགས་ཀྱི་སྐད་ཡིག་སྦྱང་བཀོལ་ལ་དོ་སྣང་མ་བྱས་པའི་ཉི་མ་དེ་ནས་བཟུང་ཉམས་རྒུད་དུ་འགྲོ་བའི་འགོ་བརྩམས་ནས་འཇིག་རྟེན་ཐོག་རིམ་གྱིས་སྣང་སྒྱུ་མེད་པར་གྱུར་བ་མཐོང་ཐོས་མེད་པ་མ་ཡིན་ནམ། ཧ་ལམ་མི་ལོ་བཞི་བརྒྱ་ཙམ་གྱི་སྔོན་དེར་མཉྫུ་རིགས་ཀྱིས་ཀྲུང་གོར་དབང་བསྒྱུར་ཏེ་མི་ལོ་སུམ་བརྒྱ་ཙམ་འདས། དེའི་རིང་ལ་མཉྫུ་གོང་མས་རྒྱ་མི་རིགས་དབང་བསྒྱུར་བྱེད་པར་སྟབས་བདེ་ཡོང་ཆེད་སྲིད་ཕྱོགས་ནས་རྒྱ་ཡིག་གཙོ་བོར་བཀོལ་ཞིང་། མཉྫུ་མི་རིགས་ཀྱིས་རང་གི་སྐད་ཡིག་དང་རྒྱ་ཡིག་གཉིས་ཀ་སྦྱང་ཡང་ཆབ་སྲིད་སྐྱོང་བའི་ཐད་རང་མི་རིགས་ཀྱི་སྐད་ཡིག་ཕྱོགས་ཀུན་ནས་ཀ་སྦྱང་ཡང་ཆབ་སྲིད་སྐྱོང་བའི་ཐད་རང་མི་རིགས་ཀྱི་སྐད་ཡིག་ཕྱོགས་ཀུན་ནས་བཀོལ་སྤྱོད་བྱེད་པར་དོ་སྣང་ཆེན་པོ་མ་བྱས་སྟབས་སྲིད་དབང་བཟུང་བའི་མཉྫུ་མི་རིགས་ཀྱི་རང་གི་ཡབ་མེས་དུས་སུ་གསར་སྐྲུན་བྱས་པའི་རིན་པོ་ཆེ་ལྟ་བུའི་སྐད་ཡིག་དེ་དུས་རབས་ཉི་ཤུ་བར་སླེབས་དུས་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་བསྐྱལ།ཉེ་དུས་སུ་ཝོས་པའོ་ཁུའི་སྐད་ཡིག་རྒྱུན་ཆད་དེ་ས་ཆེན་པོ་འདིའི་སྟེང་ན་སྐད་ཡིག་ཤེས་མཁན་རྒད་པོ་ལོ་བརྒྱད་ཅུ་ལྷག་ཏུ་སོན་པ་གཅིག་པུ་ཞིག་ལས་མ་ལྷག་པས། པཱ་ལུའུ་སྐད་ཡིག་ཞིབ་འཇུག་ཁང་གིས་ཀྱང་སྐྱོབ་ཐབས་མ་བྱུང་བ་དེ་འདྲ་ཞིག་བྱུང་ན་མི་རིགས་སུ་ལའང་དེ་ལས་བློ་ཕམ་ཆེ་བ་ཅི་ཞིག་ཡོདཅེས་མཁན་པོ་འཇིག་མེད་ཕུན་ཚོགས་ཀྱིས་གསུངས། མི་རིགས་ཤིག་གིས་རྒྱལ་ཁབ་དང་འཛམ་གླིང་ལ་བཞག་པའི་མཛད་རྗེས་ནང་དུ་སྐད་ཡིག་གི་མཛད་རྗེས་ཐེ་བ་ཡིན། མི་རིགས་ཤིག་གི་སྐད་ཆ་དང་ཡི་གེ་དེ་འཛམ་གླིང་ཐོག་མི་ནུབ་པར་ཡུན་རིང་བོར་གནས་ཤིང་གོང་འཕེལ་དུ་འགྲོ་རྒྱུ་དེ་སློབ་སྦྱོང་བྱེད་རྒྱུ་དང་བཀོལ་སྤྱོད་བྱེད་རྒྱུ་གཉིས་ལ་རག་ལས་ཡོད་དེ། སློབ་སྦྱོང་དང་བཀོལ་སྤྱོད་གཉིས་ཀྱི་ནང་ནས་བཀོལ་སྤྱོད་བྱེད་རྒྱུ་དེ་སློབ་སྦྱོང་བྱེད་རྒྱུ་ལས་གལ་ཆེ་བ་རེད། སློབ་སྦྱོང་དེར་དགོས་མཁོ་དང་ཕན་ཐོགས་ཀྱི་རྟིང་སྐུལ་བྱེད་པ་ཡིན། མི་སུ་ཡིན་ཀྱང་ཕན་པ་ཅུང་ཙམ་མེད་པའི་འབད་པ་དང་རྩོལ་བ་བྱེད་མི་འདོད། མི་རྣམས་ཀྱིས་ཕན་ཐོག་ངོ་མར་བལྟ་བ་ཡིན་པས། བཀོལ་སྤྱོད་བྱེད་ས་མེད་པའི་སྐད་ཡིག་ཅི་འདྲ་བཟང་ནའང་དེར་ཡུན་རིང་སྡུག་རུས་བསྐྱེད་དེ་སྦྱང་འདོད་ཡོད་དཀའ་བ་རེད། ཡང་བཤད་ན་སློབ་སྦྱོང་བྱེད་པ་ནི་བཀོལ་སྦྱོད་བྱེད་རྒྱུའི་ཆེད་དུ་ཡིན། དེའི་ཕྱིར་མི་རིགས་རང་གི་སྐད་ཡིག་དེ་རང་གི་ས་ཆ་ནས་བཀོལ་སྦྱོད་བྱེད་རྒྱུར་དོ་སྣང་མ་བྱས་པར་ཡུན་རིང་བོ་འགོར་ན་རང་གི་སྐད་ཡིག་དེར་སྦྱང་མཁན་ཇེ་ཉུང་ཇེ་ཉུང་དུ་སོང་ནས་རྒྱུན་ཆད་འགྲོ་བ་རེད། དེང་སྐབས་འཛམ་གླིང་སྟེང་ཚན་རིག་ལག་རྩལ་གྱི་ཁྱབ་ཁོངས་ནང་དབྱིན་ཇིའི་སྐད་ཡིག་གཙོ་བོར་བཀོལ་སྤྱོད་བྱེད་པ་དང་། རྒྱལ་སྤྱིའི་འགྲོ་འོང་དང་ཚོང་ལས་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་ནང་དུ་དབྱིན་ཇིའི་སྐད་ཡིག་སྤྱོད་པ་ཡིན་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་མང་ཤོས་ཀྱིས་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་བཞིན་ཡོད། དེ་ཡང་སྤྱོད་སྒོ་ཆེ་སྟབས་སློབ་སྦྱོད་བྱེད་མཁན་མང་པ་སྨོས་མ་དགོས། སྔོན་ཆད་དབྱིན་ཇིས་ཨ་མེ་རི་ཀའི་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་སོགས་འཛམ་གླིང་གི་ས་ཆ་སོ་སོ་དྲག་དཔུང་ལ་བརྟེན་ནས་བཟུང་ཞིང་ཁོ་ཚོ་རང་ཉིད་ཀྱི་སྐད་ཆ་དང་ཡི་གེ་ས་ཆ་དེ་དག་ལ་སྤེལ་བ་དང་། ཁོ་ཚོའི་སྐད་ཡིག་རྩོམ་གཞིར་གྱུར་བའི་ཚན་རིག་ལག་རྩལ་དར་སྤེལ་དུ་བཏང་སྟབས་ས་ཆ་དེ་དག་གི་དཔལ་འབྱོར་སོགས་ཀུན་ནས་ཡར་རྒྱས་གོང་འཕེལ་དུ་སོང་བ་དེ་ཚོའི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་འཇར་མན་རྒྱལ་ཁབ་ཀྱི་དམག་དཔུང་གིས་རྒྱལ་ཁབ་གཞན་གྱི་ས་ཆ་གང་ཞིག་བཟུང་མ་ཐག་ས་དེ་གའི་ས་མིང་སོགས་སྤྱི་བས་སྤྱོད་པའི་ཡིག་རིགས་སོགས་འཇར་མན་གྱི་ཡི་གེར་བརྗེས་ནས་ཁོ་ཚོ་རང་ཉིད་ཀྱི་སྐད་ཡིག་བཙན་གྱིས་སྤེལ།   འཇར་པན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བྱང་ཤར་ས་ཆ་བཟུང་དུས་འཕྲལ་དུ་སློབ་གྲྭའི་ནང་དུ་ཁོ་ཚོ་རང་གི་ཡི་གེ་སློབ་ཁྲིད་བྱེད་རྒྱུ་ཁ་བསྣན་པ་དང་། འཇར་པན་ཡི་གེ་དར་སྤེལ་དུ་བཏང་ནས་རིག་གནས་བཙན་འཛུལ་བྱས་པ་ཀྲུང་གོའི་ལོ་རྒྱུས་དེབ་ཐེར་སོགས་སུ་མཐོང་ཐུབ། གོང་སྨྲས་ཀྱི་རྒྱབ་ཁབ་འདི་དག་གིས་མི་རིགས་དང་སྐད་ཡིག་མི་གཅིག་པའི་འཛམ་གླིང་ས་ཆ་བདག་ཏུ་བཟུང་ཡང་། རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་མ་བཏང་བར་བཙན་གྱིས་དར་སྤེལ་བྱས་པ་རེད། མཉྫུ་གོང་མས་ཀྲུང་གོར་དབང་བསྒྱུར་དུས་རང་མི་རིགས་ཀྱི་སྐད་ཡིག་གི་དགེ་མཚན་འདོན་སྤེལ་མ་བྱས་པར་ཐད་ཀར་རྒྱའི་སྐད་ཡིག་བཀོལ་སྤྱོད་བྱས་པའི་རྐྱེན་གྱིས་ཁོའི་དབང་སྒྱུར་ཁོའི་དབང་སྒྱུར་གྱི་སྐལ་བ་རྫོགས་དུས་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་རེ་གཉིས་ལས་མེད་པར་གྱུར་། ཁོ་ཚོས་སྲིད་དབང་མ་བཟུང་བ་མིན་ལ་སྲིད་དབང་བཟུང་ནས་ཁོང་ཚོ་ཕྱུག་པོར་མ་གྱུར་པ་ཡང་མིན། རང་གི་སྐད་ཡིག་ཚར་ལ་ཉེ་བའི་རྒྱུ་རྐྱེན་གཙོ་བོ་དེ་རང་གི་སྐད་ཡིག་ཁྱབ་བརྡལ་དུ་མ་བཀོལ་བར་དེའི་ཚབ་ཏུ་རྒྱ་སྐད་རྒྱ་ཡིག་ཁོ་ན་བཀོལ་བ་དེ་ལན་པ་རེད་སྙམ། 

མི་རིགས་གང་ཞིག་ཡིན་ཡང་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་མི་རིགས་དེའི་རིག་གནས་ཤེས་བྱ་དང་ཚན་རིག་ལག་རྩལ་དཔལ་འབྱོར་བཅས་གོང་འཕེལ་དུ་འགྲོ་དགོས། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་རྟེན་གཞིར་གྱུར་བས་ན་རྨང་གཞི་དཔལ་འབྱོར་ཟེར།   དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་མེད་ན་ལས་དོན་གང་ཞིག་བསྒྲུབ་འདོད་ཀྱང་མཐུན་རྐྱེན་མི་འཛོམ་པས་སྒྲུབ་དཀའ་བ་ཡིན། མི་རིགས་དཔལ་འབྱོར་གོང་འཕེལ་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ཤེས་རིག་དར་ཁྱབ་ཏུ་འགྲོ་རྒྱུ་དེ་ཡང་མི་རིགས་ཤིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་རེད་། ཤེས་རིག་མེད་ན་མི་རིགས་དེ་རྨོངས་མུན་དང་དབུལ་ཕོངས་ལས་ཐར་དཀའ་བ་དང་དེང་རབས་ཀྱི་ཡང་རྩེར་སོན་པའི་ཚན་རིག་ལག་རྩལ་ཁོང་དུ་ཆུད་དཀའ། དེང་རབས་ཀྱི་དུས་འདིར་ཚན་རིག་ལག་རྩལ་ལ་བརྟེན་པས་དཔལ་འབྱོར་གོང་དུ་སྤེལ་བ་དང་། རྒྱལ་ཁབ་སྟོབས་དང་ལྡན་པར་བྱེད་པ་དང་། མི་དམངས་ཕྱུག་པོར་བསྒྱུར་པ་ཡིན། ཤེས་རིག་དར་སྤེལ་དང་དཔལ་འབྱོར་གོང་སྤེལ་དུ་གཏོང་རྒྱུ་གཉིས་ཀྱིས་གཅིག་གིས་གཅིག་རམ་འདེགས་པ་ཡིན།

  བོད་མི་རིགས་ལ་མཚོན་ན་རང་ཉིད་ལ་སྐད་ཆ་དང་ཡི་གེ་ཡོད་པ་མ་ཟད་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་རིག་པའི་གནས་བཅུ་ཡོད་ནའང་དེང་སྐབས་འཛམ་གླིང་ཐོག་གི་སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྦྱངས་ནས་མི་རིགས་གཞན་པའི་རྗེས་སྙེག་དགོས་ཤིང་། དེ་ཡང་མི་རིགས་གཞན་པའི་སྐད་ཡིག་ལ་བརྟེན་ནས་སྔོན་ཐོན་གྱི་ཚན་རིག་ཤེས་བྱ་དེ་དག་སྦྱང་དགོས་ཕྱིར་རྒྱ་ཡིག་དང་དབྱིན་ཡིག་སོགས་བྱང་ཆུབ་པར་སྦྱངས་ནས་རང་མི་རིགས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པར་བྱེད་པ་དང་། རང་སའི་དཔལ་འབྱོར་གོང་འཕེལ་དུ་གཏོང་དགོས་པ་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་དཔལ་འབྱོར་སྤེལ་བ་དང་། ཀྲུང་གོའི་ནུབ་རྒྱུད་གསར་འབྱེད་བྱེད་པའི་སྐབས་སུའང་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་རྒྱུ་སྣང་མེད་དུ་བཞག་ན་གཅིག་བཟུང་གཅིག་ཤོར་དུ་འགྲོ་བ་སྨྲས་མ་དགོས་སོ།།

མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་གྱི་སྲིད་ཇུས་ལག་བསྟར་ཟོལ་མེད་གནང་དགོས། 

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་བའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཙུང་ལི་ཀྲུའུ་རོང་ཅིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ནས་མི་རིགས་ས་གནས་རང་སྐྱོང་གི་ཁེ་དབང་དང་མི་རིགས་འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་པར་ཁག་ཐེག་བྱེད་དགོས།།ཞེས་གསུང་ཡོད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་མ་བརྙེས་གོང་གི་སྤྱི་མཉམ་རྩ་ཚིག་དང་། རྒྱལ་ཁབ་དབུ་བརྙེས་པའི་ཚུལ་ལ་ཁྱབ་བསྒྲག་གནང་བའི་རྩ་ཁྲིམས་དང་བཅའ་ཁྲིམས། ཏང་ཀྲུང་དབྱངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་གནང་བའི་རྒྱས་དཔྱད་དང་ཡིག་ཆ་རབས་དང་རིམ་པས་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་གསལ་བོ་བྱས་ཡོད། དུས་སྐབས་སོ་སོའི་ནང་རྣམ་པ་དང་བྱ་བའི་ཁ་ཕྱོགས་ལ་འགྱུར་ལྡོག་བྱུང་ནའང་མི་མིགས་འདྲ་མཉམ་གྱི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མ་མྱོང་། གོང་འོག་བར་གསུམ་གྱི་ཏང་སྲིད་རྩ་འཛུགས་རིམ་པ་སོ་སོས་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཐུགས་ཁུར་ཆེན་པོ་གནང་ནས་སྐད་ཡིག་སློབ་སྦྱོང་བྱེད་པའི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བསྒྲུབས་ཏེ་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་པ་དང་། མི་རིགས་སྐད་ཡིག་གི་སློབ་ཁྲིད་བསྡུར་ཚད་དང་། སློབ་འཕར་རྒྱུགས་སྤྲད་སྐར་མའི་བཅད་གྲངས་སོགས་གཏན་འབེབས་གནང་ནས་མི་རིགས་སྐད་ཡིག་སློབ་སྦྱོང་ལ་སྐུལ་འདེད་ཁག་ཐེག་བྱེད་པའི་བྱེད་ཐབས་ནུས་ལྡན་སྤྱད་པ་དང་གྲོན་དངུལ་ལྡང་བོ་གནང་བ་རེད། མི་རིགས་སྐད་ཡིག་གི་གསར་འགྱུར་དང་། རྒྱང་སྒྲོག། བརྙན་འཕྲིན། དཔེ་སྐྲུན། དུས་དེབ། གཞུང་ཡིག་ལོ་ཙཱ་དང་། གློག་བརྙན་སྒྱུར་སྐྲུན། མི་རིགས་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་བདག་དོམ་ལྟ་སྐུལ་ལས་ཁུངས། སྐད་ཡིག་བཀོལ་སྤྱོད་དང་ཞིབ་འཇུག་གི་ལས་ཁུངས་སྣ་ཚོགས་བཙུགས་ཡོད། ལས་ཁུངས་དེ་དག་དང་རང་སྐྱོང་ཁུལ་དང་རྫོང་གི་ལས་ཁུངས་གཞན་པ་ནང་གི་མི་རིགས་ལས་བྱེད་པ་དང་ལས་བཟོ་པ་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་པའི་ཐད་རང་རང་གི་ལས་གནས་སྟེང་ནས་མཛད་རྗེས་བསྙོན་མེད་བཞག་ཡོད། དེ་མ་ཟད་བཅའ་ཁྲིམས་ནང་དུ་མི་རིགས་རང་སྐྱོང་ས་ཆ་ནས་ཕྱག་ལས་གནང་མཁན་གྱི་རྒྱ་རིགས་སོགས་མི་རིགས་གཞན་པའི་ལས་བྱེད་པར་ས་གནས་དེ་གའི་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་བསྔགས་སྐུལ་གནང་ཡོད།

 མཚོ་སྔོན་ཞིང་ཆེན་ལ་མཚོན་ན་མི་རིགས་སྐད་ཡིག་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ཡོད་པ་དང་། དེའི་བྱ་བའི་གཞུང་ལས་ཁང་བཙུགས་ནས་སྐད་ཡིག་ལས་དོན་ལ་ལྟ་སྐུལ་གནང་བཞིན་ཡོད་པ་མ་ཟད། ཁུལ་དང་རྫོང་སོ་སོར་ཡང་དེ་མཚུངས་ཀྱི་ལས་ཁུངས་བཙུགས་ཡོད། ས་ཁོངས་རང་སྐྱོང་བྱེད་པའི་ཁྲིམས་སྲོལ་གཏན་འབེབས་གནང་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་བྱ་བའི་ཁྲིམས་སྲོལ་ཡང་གཏན་འབེབས་གནང་ནས་ལག་ལེན་དུ་བསྟར་བཞིན་མཆིས། རང་སྐྱོང་ཁུལ་ལ་མཚོན་ན་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་དེ་བེད་སྤྱོད་བྱེད་རྒྱུ་གཙོ་བོ་ཡིན་པ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁུལ་གྱི་རང་སྐྱོང་ཁྲིམས་སྲོལ་གྱི་དོན་ཚན་བཅུ་དྲུག་པར་རང་སྐྱོང་ཁུལ་རང་གྱི་རང་སྐྱོང་ལས་ཁུངས་ཀྱི་འཁུར་འཁྲིའི་བགྱི་སྒོ་སྒྲུབ་སྐབས་བོད་དང་རྒྱའི་སྐད་ཡིག་སྣ་གཉིས་མཉམ་དུའམ་སོ་སོར་བེད་སྤྱོད་བྱེད་དགོས་ཞེས་གཏན་འབེབས་གནང་། འདིའི་ནང་དུ་བོད་ཀྱི་སྐད་ཡིག་སྔོན་མའམ་གཙོ་སར་བཞག་ཡོད། བོད་ཀྱི་སྐད་ཡིག་བྱ་བའི་ཁྲིམས་སྲོལ་ཀྱི་དོན་ཚན་གསུམ་པར་བོད་ཀྱི་སྐད་ཡིག་ནི་རང་སྐྱོང་ཁུལ་དུ་ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱིས་རང་སྐྱོང་ཁེ་དབང་ལོངས་སྤྱོད་བྱེད་པའི་སྐད་ཆ་དང་ཡི་གེ་གཙོ་བོ་ཡིན་པ་དང་། རང་སྐྱོང་ཁེ་དབང་ལོངས་སྤྱོད་བྱེད་པའི་སྐད་ཆ་དང་ཡི་གེ་གཙོ་བོ་ཡིན་པ་དང་། རང་སྐྱོང་ཁུལ་དུ་ཐུན་མོང་གིས་བཀོལ་བའི་སྐད་དམ་ཡི་གེ་གཙོ་བོའང་ཡིན། ཞེས་གཏན་འབེབས་ཁ་གསལ་གནང་ཡོད་པ་རེད། དུས་རབས་ཉི་ཤུའི་མཇུག་གི་ལོ་རབས་བརྒྱད་ཅུ་ནས་དགུ་བཅུའི་ནང་མཚོ་ལྷོ་ཁུལ་དུ་རང་སྐྱོང་མི་རིགས་ཀྱི་སྐད་ཆ་དང་ཡི་གེར་བོད་དང་རྒྱ་ལ་སོགས་པའི་མི་རིགས་ལས་བྱེད་པས་སློབ་སྦྱོང་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་དུ་སློབ་ཁྲིད་བྱེད་པ་དང་། བརྙན་འཕྲིན་གསར་འགྱུར་དང་རྒྱང་སྒྲོག། གླུ་གར་འཁྲབ་ལེན། ལས་ཁུངས་སོ་སོའི་སྒོ་བྱང་དང་། གཞུང་ཐེལ། ཡིག་ཆའི་འགོ་བྱང་། ཡིག་ཤུབས། ཁྲིམ་རའི་སྤྱོད་ཡིག་སོགས་ཀྱི་ཐད་ནས་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བྱེད་པའི་བཅའ་ཁྲིམས་དང་སྲིད་ཇུས་ལག་བསྟར་བྱས་པ་བཟང་བ་ཀུན་གྱིས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་བ་རེད།

ཡིན་ནའང་རང་སྐྱོང་ཁུལ་གྱི་ཏང་སྲིད་ལས་ཁུངས་ཀྱིས་འཁུར་འཁྲིའི་བགྱི་སྒོ་སྒྲུབ་སྐབས་སྐད་ཡིག་གི་གཙོ་ཕལ་དེ་གོ་ལོག་པ་རེད། ཏང་སྲིད་ལས་ཁུངས་ཡོད་ཚད་ཀྱི་ཡིག་ཆ་ཐམས་ཅད་རྒྱ་ཡིག་གིས་བྲིས་ནས་བཀྲམ་རྗེས་དེ་ནང་ནས་ཞང་དང་སྡེ་བ་རིམ་པར་བཀྲམ་པའི་ཡིག་ཆ་འགའ་རེ་ཡིག་སྒྱུར་ལས་ཁུངས་ཀྱིས་བོད་ཡིག་ཏུ་བསྒྱུར་ནས་བཀྲམ་པ་རེད། ལས་དོན་འཕྲལ་དུ་སྒྲུབ་དགོས་པའི་བཀའ་བཀོད་གཏོང་བའི་ཡིག་ཆ་བོད་ཡིག་དུ་བསྒྱུར་བཀྲམ་བྱས་ནས་ལག་བསྟར་ལས་ཁུངས་སུ་ཐོན་ཚེ་མང་ཤོས་དུས་ཡོལ་བས་ཡིག་ཆའི་ནུས་པ་ཐོན་མི་ཐུབ། ལས་བྱེད་པ་དང་བཟོ་བའི་ཟླ་ཕོགས་བསྟོད་པ་སོགས་དཔལ་འབྱོར་ཕན་ཐོགས་ཡོད་པའི་སྐོར་གྱི་ཡིག་ཆའི་ནང་དུ་བོད་ཡིག་ཏུ་བསྒྱུར་བཀྲམ་བྱས་པ་མེད་པ་དང་། སྲིད་གཞུང་ལ་སྒོར་མོ་སློང་པ་དང་། མི་སྣ་སྒྲིག་ཁུངས་ཁ་སྣོན་སོགས་ཀྱི་ཡར་ཞུའི་སྙན་སེང་བོད་ཡིག་གིས་བྲིས་ནས་ཞུ་ཕོད་མཁན་མེད། གལ་ཏེ་བོད་ཡིག་གིས་བྲིས་ནའང་དེར་རེ་འབྲས་སྨིན་དང་མི་སྨིན་འཕྱང་མོ་ཉུག ཐ་ན་རང་སྐྱོང་ཁྲིམས་སྲོལ་གཏན་འབེབས་གནང་མཁན་དང་ཁྲིམས་སྲོལ་ལག་བསྟར་ལྟ་རྟོག་པའི་དབང་ཆའི་ལས་ཁུངས་ཏེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འཚོག་པའི་སྒང་དེར། འབུལ་རྒྱུའི་སྙན་ཞུ་རྣམས་བོད་དང་རྒྱའི་སྐད་ཡིག་སྣ་གཉིས་ཀ་མཉམ་ཏུ་སྤྱད་ཅིང་། བོད་ཡིག་གི་ཡིག་ཆ་ཡོད་ཚད་རྒྱ་ཡིག་ནས་བསྒྱུར་པས་བུ་ཡིག་ཏུ་གྱུར། སྙན་ཞུ་ལས་གཞན་པའི་གསར་འགྱུར་མདོར་བསྡུས་སོགས་རྒྱ་ཡིག་རྐྱང་བ་ལས་བོད་ཡིག་གིས་བྲིས་ནས་བཀྲམ་པ་རྣམ་ཐོས་ཉུང་། ཚོགས་ཆེན་འཚོག་སྐབས་ཚོགས་ཁང་ནང་དུ་བོད་རིགས་འཐུས་མིས་རྣ་ནང་དུ་ཉན་བྱེད་ཡོ་ཆས་མ་བཞག་ན་བོད་སྐད་ཐོས་མི་ཐུབ། ཚོགས་ཁང་དུ་བོད་སྐད་ནི་གསང་གཏམ་ལྟ་བུར་གྱུར་ཡོད། དེར་བལྟས་ན་ཁྲིམས་ཀྱིས་སྐད་ཡིག་གི་གཙོ་ཕལ་གཏན་འབེབས་གནང་བ་དེ་བྱ་བའི་ལག་ལེན་ཁྲོད་དུ་གོ་བཟློག་པ་མཐོང་ཐུབ།

གོང་དུ་ཞུས་པར་སྒྲོ་སྐུར་མེད་ཅིང་དོན་དུ་གནས་པ་ཡིན་ཕྱིར་མི་ཁ་ཤས་ཀྱི་བསམ་པར་བོད་ཡིག་བསླབ་ན་བཀོལ་ས་མེད། དེ་སྲིད་དབང་སྐྱོང་བྱེད་དང་དཔལ་འབྱོར་དར་སྤེལ་དུ་གཏོང་བའི་ཐད་གོ་མི་ཆོད་བསམ་པ་རེད། བསམ་ཚུལ་དང་བཤད་ཚུལ་དེ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ་བོད་རིགས་རང་སྐྱོང་ཁུལ་དུ་བོད་མི་ནི་རང་སྐྱོང་བྱེད་མཁན་གྱི་མི་རིགས་སུ་གྱུར་པ་དང་། བོད་ཀྱི་སྐད་ཡིག་ཀྱང་རང་སྐྱོང་ཁུལ་གྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཏུ་གྱུར་ནའང་། བཅིངས་འགྲོལ་བྱས་པ་ནས་བཟུང་སྲིད་འཛིན་ལས་ཁུངངས་དང་ཁེ་ལས་དོན་ལས་ཀྱི་སྡེ་ཁག་བཙུགས་པ་ཐམས་ཅད་ཀྱི་ནང་དུ་འགོ་ཁྲིད་པ་གཙོ་བོ་དང་། དྲུང་ཡིག་གི་ལས་ཀ་བྱེད་མཁན་དང་ལས་ཁུངས་ཀྱི་རྐང་འཛིན་ལས་བྱེད་པ་སོགས་རྒྱ་ནང་ནས་མངགས་ཡོང་བ་འབའ་ཞིག་གོ། སྐབས་དེར་བོད་རིགས་ཀྱི་ནང་དུ་ཡོན་ཏན་ཅན་མེད་པ་མ་ཡིན། ཡོན་ཏན་ཅན་མང་ཤོས་ཆོས་སྒྲུབ་མཁན་ཡིན་པས་སྲིད་སྐྱོང་མཁན་ཉུང་། ཡོད་ནའང་ཁ་ཤས་ལོག་སྤྱོད་པར་བརྩིས་ནས་བེད་མི་སྤྱོད། ས་གནས་ནས་བསྡུ་ལེན་བྱས་པའི་བོད་རིགས་ལས་བྱེད་པ་ཕལ་ཆེ་བས་བོད་ཡིག་ཀློག་འགྲོ་བ་ཙམ་ལས་གཞུང་ཡིག་རྣམས་བོད་ཡིག་གིས་འབྲི་ཐུབ་མཁན་ཉུང་། དེ་དུས་རྒྱ་མིའི་ལས་བྱེད་པ་ཚོར་ཆབ་སྲིད་ཀྱི་དོགས་ཟོན་ཤིན་ཏུ་མཐོ་བས་བོད་ཡིག་གི་གཞུང་ཡིག་བྲིས་ནའང་རྒྱ་མིའི་འགོ་ཁྲིད་པས་བོད་ཡིག་བོད་སྐད་མི་ཤེས་སྟབས་ཡིག་ཆའི་ནང་དོན་དོན་ལ་ཞིབ་བཤེར་བྱེད་ཐབས་བྲལ་ཕྱིར་དེ་རྒྱ་ཡིག་ལ་བསྒྱུར་ནས་ཞིབ་བཤེར་བྱེད་དགོས། དེ་ལྟར་བྱ་བའི་ཁྲོད་དུ་དཀའ་ལས་ཆེ་ཕྲིར་གཞུང་ཡིག་ཐམས་ཅད་རྒྱ་ཡིག་གིས་བྲིས་ནས་བོད་ཡིག་ཏུ་བསྒྱུར་རྒྱུའི་སྲོལ་ལྟ་བུ་ཆགས། རང་སྐྱོང་ཁུལ་གྱི་བོད་རིགས་ལས་བྱེད་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་སོང་ནས་བོད་རྒྱ་སྐད་ཡིག་སྣ་གཉིས་མཁྱེན་མཁན་མང་པོ་བྱུང་། སྤྱི་ལོ་1958གྱི་ཟིང་འཁྲུག་ཞི་འཇགས་རྒྱ་བསྐྱེད་པར་བརྟེན་ནས་བོད་རིགས་ལས་བྱེད་པ་ཡོན་ཏན་ཅན་ལ་བློ་མི་འཁེལ་བར་གྱུར་པ་དང་། དེ་ནས་རིག་གནས་གསར་བརྗེ་ཆེན་པོ་སོགས་ལས་འགུལ་སྣ་ཚོགས་གཅིག་འཕྲོར་གཅིག་རྒྱུན་མ་ཆད་པ་བྱུང་ནས་གཡོན་ཐལ་ཆེ་བའི་སྲིད་ཇུས་ཀྱི་རྒྱུན་བསྲིངས་སྟབས་བོད་རིགས་ལས་བྱེད་པར་རང་གི་སྐད་ཡིག་གི་ལམ་ནས་གཞུང་ཡིག་འབྲི་བའི་གོ་སྐབས་མ་ཐོབ་པས་བོད་རིགས་རང་སྐྱོང་ས་ཆ་ནས་ཐད་ཀར་བོད་ཡིག་གིས་གཞུང་ཡིག་འབྲི་བའི་སྲོལ་ཆགས་མ་ཐུབ། དེ་ལྟར་རྒྱའི་སྐད་ཡིག་རང་སྐྱོང་ཁུལ་དུ་སྤྱོད་པའི་སྐད་ཡིག་རིགས་ཤིག་ཏུ་གྱུར།

མཚོ་ལྷོ་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ནང་དུ་རང་སྐྱོང་ལས་ཁུངས་ཀྱིས་འཁུར་འཁྲིའི་བགྱི་སྒོ་སྒྲུབ་སྐབས་བོད་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་དང་རྒྱའི་སྐད་ཡིག་རིགས་གཉིས་མཉམ་དུ་བཀོལ་སྤྱོད་བྱེད་པ་དང་། སོ་སོར་བཀོལ་སྤྱོད་བྱེད་རྒྱུ་ཞེས་གཏན་འབེབས་གནང་ཡོད། སོ་སོར་བཀོལ་སྤྱོད་བྱེད་རྒྱུ་ཟེར་བ་དེའི་ནང་དོན་ནི་བོད་ཀྱི་སྐད་ཡིག་རྐྱང་རྐྱང་བཀོལ་སྤྱོད་བྱེད་ན་ཆོག་ལ། རྒྱའི་སྐད་ཡིག་ཁོ་ན་བཀོལ་སྤྱོད་བྱེད་ན་ནའང་ཆོག་པ་ཡིན། གང་ལྟར་བྱས་ཀྱང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་མཐུན་པ་ཡིན་ཕྱིར་རང་སྐྱོང་ཁུལ་གྱི་སྲིད་འཛིན་དང་། དོན་ལས། ཁེ་ལས་ཀྱི་སྡེ་ཁག་ཐམས་ཅད་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པ་ཇེ་ཉུང་དུ་གྱུར། ལས་ཁུངས་སོ་སོས་རྐང་འཛིན་ལས་བྱེད་པ་ནང་དུ་ལེན་སྐབས་དང་། རྩ་འཛུགས་ཀྱིས་འགོ་ཁྲིད་པ་གོ་གནས་སྤར་བ་དང་བསྐོ་མངགས་བྱེད་སྐབས་རྒྱའི་སྐད་ཡིག་གི་ཡོན་ཏན་གཙོ་བོར་བཞག་པ་ལས་བོད་ཡིག་གི་ཡོན་ཚད་གཙོ་བོར་མི་འཛིན། ཁུལ་དང་རྫོང་གི་ཏང་སྲིད་ལས་ཁུངས་རྣམས་ཀྱི་ནང་དུ་བོད་ཡིག་འབྲི་བའི་དྲུང་ཡིག་གྲངས་ཀ་ཅི་ཙམ་ཡོད་དམ། ཡོད་ན་དེ་དག་གིས་ཐད་ཀར་བོད་ཡིག་གི་གཞུང་ཡིག་བྲིས་པའི་ཡིག་ཆ་ཡོད་དམ་མེད། མཚོ་ལྷོ་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་ལྷོ་དགེ་འོས་སློབ་གྲྭ་ནས་བོད་ཡིག་གིས་གཞུང་ཡིག་འབྲི་མཁན་དྲུང་ཡིག་གི་འཛིན་གྲྭ་རྐང་བཙུགས་ནས་བསྒྲུབས་ཏེ་དྲུང་ཡིག་གསོ་སྐྱོང་བྱས། དེ་དག་སློབ་གྲྭ་ནས་ཐོན་རྗེས་ཏང་སྲིད་ལས་ཁུངས་ནང་ཆེད་དུ་བསྐོ་མངགས་བྱས་ནའང་ཐད་ཀར་བོད་ཡིག་གིས་བྲིས་པའི་ཡིག་ཆ་མཐོང་རྒྱུ་ཉིན་སྐར་ལྟར་གྱུར་ལ་ད་སྐབས་དེ་ཚོའི་རང་ཉིད་ཀྱི་བོད་ཡིག་འབྲི་བའི་དྲུང་ཡིག་གི་ལས་ཀ་དེ་ཤོར་ནས་ལས་ཀ་གཞན་པར་བསྒྱུར་ཡོད། སྲིད་འཛིན་ལས་ཁུངས་ཐམས་ཅད་ནས་གཞུང་ཞབས་པའི་ལུགས་ལག་བསྟར་བྱེད་བཞིན་ཡོད་ཅིང་། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་གཞུང་ཞབས་པའི་གནས་སྐབས་ཁྲིམས་སྲོལ་ནང་དུ་བོད་ཀྱི་སྐད་ཡིག་གི་ཡོན་ཚད་ལ་བལྟ་རྒྱུའི་ནང་དོན་མེད། དངུལ་རྩ་དང་དཔལ་འབྱོར་ལས་རིགས་ཀྱི་བྱེད་སྒོ་ཐམས་ཅད་རྒྱ་ཡིག་ཁོ་ན་ལ་བརྟེན་པ་ལས་བོད་ཡིག་བཀོལ་སྤྱོད་བྱེད་པ་མེད། རང་སྐྱོང་སྲོལ་ཡིག་ལྟར་ན་གོང་རིམ་ལས་ཁུངས་ལ་བྱ་བའི་དགོངས་སྐོར་ཞུ་བ་དང་། གྲོན་དངུལ་སློང་བ་སོགས་དཀའ་ཁག་སེལ་བར་སྙན་སེང་འབུལ་བ་སོགས་བོད་ཡིག་རྐྱང་བས་བྲིས་ན་ཆོག་ཀྱང་བོད་ཡིག་གི་བྲིས་པའི་ཞུ་ཡིག་ལ་རེ་འབྲས་སྨིན་རྒྱུ་རི་བོང་གི་རྭའི་སྤུན་ཟླར་གྱུར། འགོ་ཁྲིད་ལ་ལའི་བསམ་པར་སྙན་གསོལ་དང་ཞུ་ཡིག་སོགས་འོག་རིམ་གྱིས་གོང་ལ་བོད་ཡིག་བྲིས་ན་རྒྱུན་སྲོལ་ལ་མི་མཐུན་པ་དང་། གསུང་བཤད་སོགས་བོད་སྐད་ཀྱིས་གནང་ན་གཟི་བརྗིད་མེད་པ་དང་། ཉན་མཁན་ཚོས་ཁོའི་སྐད་ཆའི་དོན་རྟོགས་ཐུབ་རྒྱུ་མ་རེད་བསམ་པ་ཡིན་ཤས་ཆེ། འཛུགས་སྐྲུན་གྱི་རྣམ་གྲངས་བརྩོན་ལེན་བྱེད་རྒྱུ་དང་། ཡང་སྒོར་མོ་སློང་རྒྱུ་སོགས་ཀྱི་ཞུ་ཡིག་ཞིང་ཆེན་རིམ་པར་སླེབས་ཚེ་གོ་ཆོད་དཀའ། དབང་འཛིན་ལས་ཁུངས་དེ་དག་གི་འགོ་ཁྲིད་པ་དང་། བྱ་ལས་སྒྲུབ་མཁན་ཚོས་བོད་ཀྱི་སྐད་ཡིག་མི་ཤེས་པའི་ཕྱིར་ཡིག་སྒམ་ནང་དུ་གཏན་དུ་ཉར་ཚགས་བྱེད་པའམ་ཡང་ན་ཤོག་ཧྲུལ་ཁྲོད་དུ་གཡུག་པ་ཡིན་པས་ལས་དེ་དང་དུ་བླངས་ནས་གྲོས་མོལ་བྱས་པ་མེད། དེའི་ཕྱིར་རང་སྐྱོང་ཁུལ་དུ་ཕྱག་ལས་གནང་གི་ཡོད་པའི་བོད་རིགས་ཀྱི་འགོ་ཁྲིད་པ་རྣམས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་མཚམས་བསྐྱུར་ནས་རྒྱའི་སྐད་ཡིག་དེ་བྱ་ལས་ཁྲོད་དུ་ཨུ་ཚུགས་ཀྱིས་བཀོལ་སྤྱོད་བྱེད་རྒྱུ་ཟེར་ན་མ་བཀོལ་ཟེར་ཕོད་མཁན་མེད། དེ་ཁྲིམས་དང་སྲིད་ཇུས་ལ་མཐུན་པ་ཡིན་ཡང་བོད་རིགས་འགོ་འདྲེན་ཉུང་ཤོས་དང་། ལས་བྱེད་པ་ཉུང་ཤོས་ཀྱི་བོད་ཡིག་གི་ཡོན་ཚད་མི་མཐོ་བས་བྱ་བའི་སྟེང་བཀོལ་སྤྱོད་བྱེད་འདོད་ཀྱང་དཀའ་ཁག་ཡོད། བོད་ཡིག་མཁྱེན་མཁན་གྱི་འགོ་ཁྲིད་པར་མཚོན་ན། རྒྱུན་དུ་གཞུང་དོན་ལ་བྲེལ་བ་ཆེ་ཕྱིར་གཏམ་བཤད་མ་ཕྱི་དང་ཡིག་ཆའི་མ་ཕྱི་ཐམས་ཅད་རང་གིས་འབྲི་རྒྱུའི་ཁོམ་ལོང་མེད་པ་དང་། བོད་ཡིག་འབྲི་མཁན་གྱི་དྲུང་ཡིག་མེད་པར་རྒྱ་ཡིག་འབྲི་བའི་དྲུང་ཡིག་གིས་བྲིས་པའི་གཏམ་བཤད་མ་ཕྱི་སོགས་ཕྱག་ཏུ་བཞག་ན་དེ་ལྟར་ཀློག་འདོན་མི་བྱེད་ཀ་མེད་ཡིན། ཀྲུང་དབྱང་དང་ཞིང་ཆེན་ནས་མར་བཀྲམ་པའི་གཞུང་ཡིག་དང་གསུང་བཤད། དཔྱད་གཞིའི་ཡིག་ཆ་སོགས་རྒྱའི་ཡེ་གེ་ཏག་ཏག་ཡིན་ཕྱིར། དེ་ལྟར་ཡུན་རིང་ན་རྒྱའི་སྐད་ཡིག་ལ་ལོབ་པར་གྱུར། དེང་སྐབས་སྤྱི་ཚོགས་བྱ་འགུལ་ཁྲོད་དུ་གསར་བྱུང་རྒྱའི་ཐ་སྙད་བོད་སྐད་དུ་ཇི་ལྟར་བསྒྱུར་ཡོད་པ་ཆ་མེད་རྒྱུས་མེད་དུ་གྱུར་ནས་གཞུང་ལུགས་སོགས་གཏིང་ཟབ་མོའི་སྐོར་བོད་སྐད་ཀྱིས་ཤོད་དཀའ་བར་གྱུར། ཁུལ་དང་རྫོང་སོ་སོའི་སྲིད་འཛིན་ལས་དོན་སྡེ་ཁག་ཐམས་ཅད་དང་འགོ་འདྲེན་མཐོ་དམའ་བྱིངས་ཀྱི་སྤྱི་བར་ལ་ཡིག་སྒྱུར་ལས་ཁུངས་རེ་བཙུགས་ཤིང་། དེ་ལ་མི་སྣའི་འགྲོ་ཁུངས་ལྔ་དྲུག་ཙམ་ལས་མེད་པ་དང་གྲོན་དངུལ་ཡང་མང་པོ་མེད་། དེ་འདྲ་ཞིག་གིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་དགོས་མཁོ་སྐོང་དཀའ། ཕྱི་རྐྱེན་དེ་དག་གིས་རང་སྐྱོང་ཁུལ་དུ་བོད་ཡིག་སྒོ་ཀུན་ནས་བཀོལ་སྤྱོད་བྱེད་པར་དཀའ་ཁག་མི་ཉུང་བ་བཟོས། ཐ་ན་རང་གི་སྒོར་མོ་དངུལ་ཁང་དུ་བཅོལ་ལེན་བྱེད་ཚེ་ཤོག་ལྷེ་ཐོག་རང་གི་མིང་རྒྱ་ཡིག་གིས་མ་བྲིས་པར་བོད་ཡིག་བྲིས་ན་བཅོལ་ལེན་བྱེད་མི་ཐུབ། སྦྲག་སྲིད་བརྒྱུད་དེ་སྒོར་མོ་སྐུར་ལེན་བྱེད་པ་ས་མིང་དང་མི་མིང་བོད་ཡིག་གིས་བྲིས་ན་སྐུར་ལེན་བྱེད་དཀའ། རྒྱུ་མཚན་ནི་ལས་ཁུངས་དེ་དག་ནང་དུ་ཕྱག་ལས་གནང་མཁན་ཚོས་བོད་ཡིག་གི་ངོ་མི་ཤེས་སྟབས་དེ་དག་གི་བྱ་བའི་འགྲོ་ལུགས་ཚང་མ་རྒྱ་ཡིག་ཁོ་ནར་བརྟེན་པའི་སྲོལ་ཆགས་པ་རེད། ཏང་སྲིད་ལས་ཁུངས་ཀྱིས་ཡིག་ཆ་བསྒྱུར་ནས་གཤམ་དུ་བཀྲམ་པ་ཉུང་ལ། དེར་ཞིབ་ཏུ་གཟིགས་མཁན་ཡང་ཉུང་། ལས་ཁུངས་ཀྱི་བོད་རིགས་ལས་བྱེད་པ་ཚང་མ་སྐད་ཡིག་གཉིས་ལྡན་དུ་གྱུར་སྟབས་བོད་ཡིག་གི་གསར་འགྱུར་ལ་གཟིགས་མཁན་མང་པོ་མེད། ཞིང་ཆེན་ནས་བཀྲམ་པའི་བོད་ཡིག་གི་ཡིག་ཆ་རྫོང་ལ་ཐོན་ན་བོད་རིགས་རྗོང་དཔོན་མང་ཤོས་ཀྱིས་མིག་གིས་མཐོང་མེད། དྲུང་ཡིག་ཚོས་ཡིག་ཁུག་ནང་ནས་ཕྱིར་མ་བླངས་པར་ཤོག་ཧྲུལ་གྱི་གསེབ་ཏུ་ཉར་ཡོད་པ་མཐོང་ཐོས་ཡོད། འགའ་རེས་ཡིག་ཆའི་ཡིག་མཆན་འགོད་ཤོག་ཐོག་རང་མིང་བྲིས་པ་ལས་ནང་དོན་ལ་གཟིགས་པ་མེད། སྤྱིར་བལྟས་ན་བོད་རིགས་ལས་བྱེད་པ་མང་ཤོས་ཀྱིས་རང་གི་སྐད་ཡིག་འདི་ད་ནས་བཟུང་འབད་བརྩོན་མ་བྱས་ན་སང་ཕྱིན་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པར་ཐུགས་ཁྲལ་གནང་གི་ཡོད་མོད། རང་རང་གི་དབང་ཚད་ནང་དང་། རང་ཡོད་སའི་ལས་ཁུངས་ནང་དང་། རང་བབ་ལས་ཀ་སྒྲུབ་དུས་རང་གི་སྐད་ཡིག་བཀོལ་སྤྱོད་ཐད་འབད་པས་མཐུན་རྐྱེན་མི་བསྐྲུན་པ་མ་ཟད་ཁྲིམས་ཀྱིས་བཀས་བཅད་ལྟར་རང་ས་ནས་བཀོལ་སྤྱོད་བྱེད་རྒྱུར་དཔའ་ཞུམ་ཞིང་ལག་པ་འཁུམ་ནས་ཡོད། བོད་ཡིག་གི་སློབ་གྲྭ་ཆེན་མོ་ནས་ཐོན་པའི་ལས་བྱེད་པ་ཉུང་ཤས་ཀྱིས་ཚོགས་འདུའི་འབྱོར་ཐོ་སྟེང་རང་གི་མིང་ཡིག་དེ་ཡང་བོད་ཡིག་གིས་འབྲི་ཕོད་པ་མེད། དེ་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད། ཕྱི་རྐྱེན་ནི་བོད་རིགས་འགོ་ཁྲིད་ལས་བྱེད་པ་དང་ལས་བཟོ་བ་རང་སྟེང་གི་འབད་བརྩོན་ལ་ཐུག་པ་ཡིན། བོད་ཀྱི་སྐ་ཡིག་དེ་ཆོས་འདོན་བྱེད་ལས་སྲིད་སྐྱོང་བྱེད་མི་ཉན་ཟེར་ན། བཙན་པོ་དུས་རབས་ནས་དགའ་ལྡན་ཕོ་བྲང་སོགས་ཀྱི་དུས་སུ་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་སྲིད་བསྐྱངས་པ་མ་ཡིན་ནམ། ནང་སོག་རང་སྐྱོང་ལྗོངས་ལ་སོག་རིགས་ཀྱི་མི་གྲངས་ལྗོངས་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ལྔ་ལས་མི་ཟིན་ནའང་། རང་སྐྱོང་ལྗོངས་ཁོངས་སུ་སོག་ཡིག་བཀོལ་སྤྱོད་བྱས་པ་བཟང་ཚུལ་དཔྱད་གཞི་ཡིག་ཆ་དག་ལས་ཕྱིར་མངོན་ཡོད། 

མཚོ་ལྷོ་ཁུལ་བོད་ཀྱིས་སྐད་ཡིག་བྱ་བའི་ཁྲིམས་སྲོལ་ལག་བསྟར་བྱེད་པའི་མཐུན་རྐྱེན།

 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནང་དུ་བོད་རིགས་ཀྱི་མི་གྲངས་ཁུལ་ཡོངས་ཀྱི་བརྒྱ་ཆའི་54ཟིན་པ་དང་། བོད་རིགས་ལས་བྱེད་པའི་གྲངས་ཀ་དེ་ལས་བྱེད་པའི་སྤྱི་གྲངས་ཀྱི་བརྒྱ་ཆའི་56.4ཟིན། སློབ་གྲྭ་ཆེན་མོའི་ཡོན་ཚད་ཅན་གྱི་ལས་བྱེད་པའི་ནང་དུ་བོད་རིགས་ལས་བྱེད་པས་བརྒྱ་ཆའི་54ཟིན་པ་དང་། འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་ཡོན་ཚད་ཅན་གྱི་ལས་བྱེད་པའི་ཁྲོད་བོད་རིགས་ལས་བྱེད་པས་བརྒྱ་ཆའི་56ཟིན། ཁུལ་རིམ་པ་ནས་ཤང་རིམ་པའི་ལས་ཁུངས་སོ་སོའི་ནང་དུ་འགོ་ཁྲིད་ལས་བྱེད་པའི་ནང་དུ་བོད་རིགས་ཀྱི་འགྲོ་ཁྲིད་ལས་བྱེད་པས་གྲངས་ཀ་མང་བོ་ཟིན་པ་རེད། རང་སྐྱོང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྒོ་ཀུན་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ཆེད། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ནང་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ལོ་ཞེ་ལྔ་མན་ཆད་བོད་སྐད་བོད་ཡིག་མི་ཤེས་པ་ཚང་མ་རྩ་འཛུགས་བྱས་ཏེ་གཟའ་འཁོར་རེའི་ནང་དུ་སྐད་ཡིག་སློབ་སྦྱོང་ཉིན་ཕྱེད་ཀ་གཉིས་ལ་ཁག་ཐེག་བྱས།  དེ་ལ་དགེ་རྒན་དང་། འགྲོ་ཁྲིད། སློབ་དེབ། སློབ་ཁང་། འགྲིག་ལམ་བཅས་གཏན་འཁེལ་བྱས། ལོ་བཅུ་ལྷག་ལ་རྒྱུན་འཁྱོངས་བྱས་པས་གྲུབ་འབྲས་ཡག་པོ་བླངས། འདི་ནི་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ཐུབ་པོ་བླངས། འདི་ནི་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ཐུབ་པའི་རྨང་གཞིའི་མཐུན་རྐྱེན་མཆོག་ཏུ་གྱུར་པ་རེད་བསམ།

 བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་མཁན་ནི་བོད་རིགས་རང་ཉིད་ཡིན་པ་ལས་མི་རིགས་གཞན་མིན་པ་དང་། རང་སྐྱོང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ས་ནི་རང་སྐྱོང་ས་ཁུལ་དེ་ཡིན་པ་ལས་མི་རིགས་གཞན་པའི་ས་ཆ་དེ་མིན་པ་བཤད་མ་དགོས་པ་རེད། མི་རིགས་གཞན་པར་རང་རང་ལ་སྐད་ཡིག་མེ་ཡོད་ཕྱིར་དེ་རང་གིས་བསླབས་ནས་རང་ས་ནས་བཀོལ་སྤྱོད་དང་གོང་འཕེལ་དུ་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ནང་དུ་ཁེ་དབང་དེ་གཏན་འབེབས་གནང་ཡོད། བོད་རིགས་རང་སྐྱོང་ས་ཁུལ་ལ་མཚོན་ན་བོད་ཀྱི་སྐད་ཡིག་ནི་རང་སྐྱོང་མི་རིགས་ཀྱིས་རང་སྐྱོང་དབང་ཆ་ལག་བསྟར་བྱེད་པའི་སྐད་ཡིག་གཙོ་བོ་ཡིན་པ་སུས་ཀྱང་མཁྱེན་པ་རེད། རང་ཁུལ་དུ་ཕྱག་ལས་གནང་མཁན་གྱི་མི་རིགས་གཞན་པའི་ལས་བྱེད་པར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་འདོན་སྤེལ་དང་བསྔགས་སྐུལ་བྱེད་པའི་དམིགས་ཡུལ་ནི། བོད་རིགས་ལས་བྱེད་པས་རང་ས་ནས་རང་གི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དེ་སྒོ་ཀུན་ནས་བཀོལ་སྤྱོད་བྱེད་ཐུབ་ཆེད་མཐུན་རྐྱེན་བསྐྲུན་པ་ཡིན་པ་ལས་ཁོང་ཚོར་བཙན་གྱིས་བོད་ཀྱི་སྐད་ཡིད་བཀོལ་སྤྱོད་བྱེད་དུ་འཇུག་པ་མིན་ནོ། མཁྱེན་དཔྱོད་ཡངས་པའི་བོད་རིགས་ཀྱི་འགོ་ཁྲིད་རྣམ་པ་དང་། ལས་བྱེད་རྣམ་པ། ལས་བཟོ་བ་རྣམ་པས་རང་མི་རིགས་ཀྱི་སྐད་ཡིག་དེར་སློབ་སྦྱོང་རྒྱུན་འཛིན་དང་། བཀོལ་སྤྱོང་གོང་འཕེལ་དུ་བཏང་ནས་འཇིག་རྟེན་འདིའི་ཐོག་ཏུ་རྣམ་པར་འགྱུར་ལྡོག་གང་འདྲ་བྱུང་ཡང་མི་རིགས་ཀྱི་སྐད་ཡིག་ད་གོམས་སྲོལ་ཁྱད་ཆོས་སོགས་གཏན་དུ་མི་ནུབ་པར་དར་རྒྱས་ཕུན་སུམ་ཚོགས་པོར་བྱུང་ན་འདོད་པ་དེ་བོད་རིགས་ཐུན་མོང་གི་སེམས་ཁམས་ཡིན། རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་ཐུགས་ཁུར་མི་གནང་བའི་མི་རིགས་གཅིག་ཀྱང་མེད་སྙམ། རང་མི་རིགས་ཀྱི་སྐད་ཡིག་ལ་ཤ་མི་ཚ་བ་དང་། མི་རིགས་ཀྱི་ལ་རྒྱ་མེད་པ་ཧ་ཅང་ཉུང་། བོད་ཀྱི་སྐད་ཡིག་སང་ཕྱིན་བཀོལ་ས་ཆེན་པོ་ཡོད་རྒྱུ་མ་རེད་བསམས་ནས་མ་འོངས་པར་སེམས་ཁྲལ་བྱེད་མཁན་མང་པོ་མཐོང་། ད་ལྟ་རང་སྐྱོང་ཁུལ་དུ་ཕྱག་ལས་གནང་བཞིན་པའི་སློབ་གྲྭ་ཆེ་འབྲིང་ནས་ཐོན་པའི་བོད་རིགས་ཡོན་ཏན་ཅན་རྣམས་དང་། བོད་རིགས་འགོ་ཁྲིད་པ་མཐོ་དམའ་བར་གསུམ་ཚོས་ཏང་སྲིད་ཀྱི་ལས་དོན་སྒྲུབ་སྐབས་དང་། རང་གི་བྱེད་སྒོའི་བྱ་ལས་སྒྲུབ་ཚེ་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་ཡིན་ནམ། ཡང་ན་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུའི་ཚབ་ཏུ་མི་རིགས་གཞན་པའི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་ཡིན། རང་གི་བྱ་ལས་སྒྲུབ་པའི་གོ་རིམ་ལ་བརྟག་དཔྱད་ཅིག་བྱས་ན་ཅི་མ་རུང་། མཉྫི་རིགས་ཀྱི་སྐད་ཡིག་ད་ལྟ་ཤེས་མཁན་མེད་པ་དེ་མི་རིགས་གཞན་པས་བཙན་གྱིས་ཉམས་སུ་བཅུག་པ་མ་རེད། གཙོ་བོ་རང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་མ་བྱས་པས་ལན་པ་ཡིན། མི་རིགས་ཤིག་གི་སྐད་ཡིག་འཛམ་གླིང་གི་ས་ཆེན་པོའི་སྟེང་དུ་བེད་མེད་དུ་གྱུར་ནས་ཉམས་ན་འཛམ་གླིང་སྤྱིའི་རིག་གནས་བང་མཛོད་ནང་གི་གཟི་འོད་འབར་བའི་སྐད་ཡིག་རིག་མོག་པོར་གྱུར་པས་གྱོང་གུད་མི་ཆེའམ། རང་གི་སྐད་ཡིག་དེ་བྱ་ལས་ཁྲོད་དུ་བཀོལ་སྤྱོད་མ་བྱས་པ་སྐད་ཡིག་དེར་མཇུག་འབྲས་གང་འདྲ་འབྱུང་རྒྱུར་བསམ་བློ་ཞིག་བཏང་ན་སང་ཕྱིན་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་དར་སྤེལ་ཐད་ཕན་པ་ཡོད་སྲིད། མི་རིགས་ཀྱི་སྐད་ཡིག་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པ་དང་མི་རིགས་ཀྱི་གཅེས་ནོར་ཡིན་ཕྱིར། ང་ཚོས་རྒྱལ་ཁབ་ལ་འགན་འཁུར་དགོས་པ་དང་། མི་རིགས་ལ་འགན་འཁུར་དགོས་པ་ཡིན།

 མ་འོངས་པར་བྱ་བའི་ལས་གནས་སུ་འགྲོ་བསམ་པའི་བོད་རིགས་ཀྱི་སློབ་གྲྭ་ཆེན་མོ་བ་རྣམས་ལ་སློབ་ཆུང་ནས་སློབ་འབྲིང་དང་། དེ་ནས་སློབ་གྲྭ་ཆེན་མོ་སོགས་ནས་དགེ་རྒན་གྱིས་ཤ་ཐང་ཐང་དུ་སློབ་ཁྲིད་བྱས་པ་དང་། རང་ཉིད་ཀྱིས་ལོ་བཅུ་བདུན་བཅོ་བརྒྱད་རིང་ལ་འབད་བརྩོན་བྱས་ནས་བོད་རང་གི་སྐད་ཡིག་སྦྱངས་པ་དང་། རྒྱལ་ཁབ་ཀྱིས་སློབ་གྲྭ་སྒྲུབ་པ་དང་། དགེ་རྒན་མངགས་པ། སློབ་དེབ་བསྐྲུན་པ་སོགས་ཞབས་ཞུ་ལས་ཁུངས་མ་ལག་ཆ་ཚང་བ་བསྒྲུབས་པ་དང་། བོད་ཡིག་སློབ་སྦྱོང་ལ་སྐུལ་འདེད་བྱེད་ཆེད་སློབ་གྲྭ་གོང་མར་འཕར་སྐབས་བོད་ཡིག་གི་རྒྱུགས་ཀྱི་སྐར་གྲངས་གཏན་འབེབས་བྱས་ཤིང་། སློབ་གསོའི་ཕྱོགས་སུ་རྒྱལ་ཁབ་ཀྱི་འགྲོ་གྲོན་མི་ཉུང་བ་བཏང་བ་མ་ཟད། རང་རང་གི་ཕ་མ་དང་སྤུན་ཟླ་ཉེ་མི་རྣམས་ཀྱིས་ཁྱོད་ཚོར་རེ་བ་ཆེན་པོ་བཅངས་ནས་ཟ་ཤེས་སྤྱོད་ཤེས་བྱེད་པ་དང་། འབད་བརྩོན་ཀྱིས་སྒོར་མོ་མང་པོ་བཙལ་ནས་སློབ་ཡོན་ལོངས་རྒྱུ་མེད་པ་ཕུལ་བ་ཚང་མས་མཁྱེན་གསལ་རེད། མ་འོངས་པ་ན་ཁྱེན་ཚོ་ནི་སློབ་གྲྭ་ཆེན་མོ་ལས་ཐོན་པའི་བོད་ཡིག་མཁྱེན་པའི་མཁས་པ་རེད། རང་གིས་འབད་པས་སྦྱངས་པའི་ཡང་མེས་ཀྱི་སྐད་ཡིག་དེ་བྱ་བའི་ལས་གནས་སམ་སྤྱི་ཚོགས་གོང་སྤེལ་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་ཚན་རིག་ཡར་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་། མདོར་ན་བོད་ཀྱི་སྐད་ཡིག་གིས་དཔལ་ཡོན་གཉིས་འཛུགས་སྤེལ་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ནམ། རང་གི་སྐད་ཡིག་བཀོལ་སྤྱིད་ཐད་དཀའ་ཁག་འདྲ་མིན་ལ་འཕྲད་ཚེ་རང་གི་ལ་རྒྱ་དང་ཕུགས་བསམ་རླུང་ལ་བསྐུར་ནས་རྒྱའི་སྐད་ཡིག་ཁོ་ན་སྦྱད་དེ་བོད་ཀྱི་སྐད་ཡིག་རང་ས་ནས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་པའི་རང་ལམ་རང་གི་འགོག་རྒྱུ་ཡིན། དྲི་བ་འདི་ལྟར་བཏོན་ན་བཞད་གད་ཀྱི་རྒྱུར་འགྱུར་ཡང་སྲིད་མོད། དེར་བསམ་བློ་ཞིབ་ཏུ་གཏོང་རིན་ཡོད་བསམ་པ་ཡིན། ཚེ་སྲོག་ནི་འགུལ་སྐྱོད་ཁྲོད་དུ་གནས་ཟེར་བ་ལྟར་བེད་མེད་ཀྱི་དངོས་པོ་གང་ཡིན་ཀྱང་ཐ་མ་དེ་འདོར་བ་ཡིན། སྐད་ཡིག་སྦྱོང་མ་བྱས་ན་བཀོལ་སྤྱོད་བྱེད་མི་ཐུབ་ལ། བཀོལ་སྤྱོད་མ་བྱས་པར་བེད་མེད་དུ་ལུས་ན་སློབ་སྦྱོང་ལ་སྐུལ་འདེད་མེད་པ་དང་། དར་རྒྱས་གོང་འཕེལ་ཡང་མེད། ཡབ་མེས་ཡང་མེས་ནས་བརྒྱུད་པའི་རིན་པོ་ཆེ་ལྟ་བུའི་རང་གི་སྐད་ཡིག་དེ་རང་གི་ས་ཆ་ནས་སྤྱོད་སྒོ་དོག་པོར་འགྱུར་བའམ་ཡང་ན་བཀོལ་ས་མེད་པར་གྱུར་ན་རང་གི་ཁེ་དབང་ལ་རྒྱ་ཤོར་བ་མ་ཡིན་ནམ། རང་གི་སྐད་ཡིག་ལ་རང་གིས་བདག་མ་ཐུབ་པར་ཉམས་རྒུད་དུ་གྱུར་ན་མི་རིགས་གཞན་པའི་སྔུན་ནས་མགོ་བོ་ཡར་འདེགས་དཀའ། རང་མི་རིགས་ཀྱི་སྐད་ཡིག་མཁྱེན་པའི་ཁར་རྒྱ་རིགས་སོགས་མི་རིགས་གཞན་པའི་སྐད་ཡིག་དང་། རྩིས་དངོས་རྫས་གསུམ་དང་སྔོན་ཐོན་གྱི་ཚན་རིག་ཤེས་བྱ་བྱང་ཆུབ་པར་སྦྱང་རྒྱུ་དང་བཀོལ་སྤྱོད་བྱེད་རྒྱུ་ཤིན་ཏུ་གལ་ཆེ། སྐད་ཡིག་དེ་དག་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་མང་ཞིང་། ཚན་རིག་ལག་རྩལ་གྱི་ཤེས་བྱ་མང་ཤོས་སྐད་ཡིག་དེ་དག་གི་ལམ་ནས་ཤེས་དགོས། དབྱིན་ཇིའི་སྐད་ཡིག་ནི་རྒྱལ་ཁབ་སྤྱི་ཡིས་བཀོལ་སྤྱོད་བྱེད་པ་དང་། དེང་རབས་ཀྱི་ཚན་རིག་ལག་རྩལ་ཕལ་ཆེ་བའི་ཤེས་བྱའི་དཔེ་དེབ་དང་འཕྲིན་བརྡ་སོགས་ཐོག་མར་དབྱིན་ཇིའི་སྐད་ཡིག་ལས་ཁོང་དུ་ཆུབ་དགོས་པ་ཡིན། རྒྱའི་སྐད་ཡིག་ལ་མཚོན་ན་མི་གྲངས་དུང་ཕྱུར་བཅུ་གཉིས་ཀྱིས་བཀོད་སྤྱོད་བྱེད་པར་མ་ཟད། སྲིད་འཛིན་མི་རིགས་ཀྱི་སྐད་ཡིག་ཡིན་པས་དེ་མ་ཤེས་ན་ལས་དོན་སྒྲུབ་ཚེ་དཀའ་ཁག་ཆེ་བ་རེད། མི་རིགས་གཞན་པའི་སྐད་ཡིག་ལ་བརྟེན་ནས་རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཡུལ་སྲོལ་གོམས་འདྲིས་སོགས་སྣོད་དང་བཅུད་ཀྱི་ཁྱད་འཕགས་དེ་འཛམ་གླིང་གི་མི་རྣམས་ལ་ངོ་སྤྲོད་དམ་དྲིལ་སྒྲོག་བྱེད་དགོས། ཡང་མི་རིགས་གཞན་པའི་སྐད་ཡིག་སྦྱངས་ནས་མི་རིགས་གཞན་པའི་རིག་གནས་ཀྱི་ལེགས་ཆ་དང་ཚན་རིག་ལག་རྩལ་སོགས་ཀྱིས་རང་མི་རིགས་ཀྱི་རིག་གནས་ཀྱི་ཁ་བསྐངས་ནས་རང་མི་རིགས་ཀྱི་རིག་གནས་དར་རྒྱས་ཕུན་ཚོགས་སུ་གཏོང་དགོས་པ་དང་། གཞན་པའི་རིགས་ཀྱི་བཅུད་བླངས་ནས་རང་སའི་དཔལ་འབྱོར་དར་སྤེལ་དང་མི་རིགས་ཡར་ཐོན་ཡོང་བར་འབད་དགོས་པ་ཡིན།

 མི་རིགས་གཞན་པའི་སྐད་ཡིག་བྱང་ཆུབ་པར་སྦྱངས་རྗེས་རང་ས་ནས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུའི་ཚབ་ཏུ་མི་རིགས་གཞན་པའི་སྐད་ཡིག་རྐྱང་རྐྱང་བཀོལ་སྤྱོད་བྱས་ནས་རང་གི་སྐད་ཡིག་ལ་བཀོལ་སྤྱོད་བྱེད་པའི་ལམ་རིང་གས་བཅད་ན་མཉྫིའི་སྐད་ཡིག་གི་རྗེས་མི་འགྱངས་བར་ཆོད་སྲིད། དེའི་ཕྱིར་བོད་རིགས་ཤིག་ཡིན་ཕྱིར་རྒྱལ་ཁབ་ལས་ཁུངས་ནང་ཕྱག་ལས་གནང་གི་ཡོད་ཚེ་གོ་གནས་ཡོད་མེད་དང་། དཔོན་གནས་མཐོ་དམའ་གང་འདྲ་ཡོད་པ་དང་། རང་གི་སྐད་ཡིག་མཁྱེན་དང་མི་མཁྱེན་པ་ཚང་མས་རང་གི་ས་ཆ་ནས་རང་གི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་འཕེལ་རྒྱས་ལ་ཐུགས་འཁུར་གནང་རྒྱུ་གནས་ཚུལ་ཇི་འདྲའི་འོག་ཏུའང་སེམས་ནས་མི་བརྗེད་པར་འབད་བརྩོན་གནང་རྒྱུ་གལ་ཆེ་བ་རེད་སྙམ། རྒྱལ་ཁབ་ཀྱི་རྩ་ཁྲིམས་བཅའ་ཁྲིམས། ཁྲིམས་སྲོལ་བཅས་ནས་གནང་བའི་སྐད་ཡིག་འདྲ་མཉམ་དང་རང་སྐྱོང་ས་ཆ་ནས་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་དེ་རང་སྐྱོང་དབང་ཆ་ལོངས་སྤྱོད་པའི་ཁེ་དབང་ལོངས་སྤྱོད་པ་དང་བརྩི་སྲུང་གནང་རྒྱུ་ང་ཚོའི་འོས་འགན་གཞན་ལ་དཀྲིས་ཐབས་མེད་པ་ཡིན།